KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
བཀའ་བརྒྱུད་སྨོན་ལམ་ཐེངས་བཞི་བཅུ་པའི་དངོས་གཞི་ཉིན་གཉིས་པ།

བཀའ་བརྒྱུད་སྨོན་ལམ་ཐེངས་བཞི་བཅུ་པའི་དངོས་གཞི་ཉིན་གཉིས་པ།

སྤྱི་ལོ་ ༢༠༢༥ སྤྱིི་ཟླ་ ༡༡ སྤྱི་ཚེས་ ༢༨ ཉིན་གྱི་ཐོག་མ་སྟེ་རྟ་བདུན་དབང་པོའི་འོད་མདངས་མཁའ་ལ་འཕྲོས་པའི་ནམ་ལངས་ཀྱི་སྐྱ་རེངས་གསར་བའི་འོད་ཀྱི་གུར་ཁང་ཡངས་པའི་དབྱིངས་སུ་ཕུབ་ནས། འཇིག་རྟེན་བསྒྲིབས་པའི་མུན་ནག་གྱི་ལྭ་བ་ནག་པོ་ཡོངས་སུ་བསལ་ཞིང་། རྣམ་དཀར་ཚོགས་གཉིས་ཀྱི་ཞིང་ས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གསུང་ཆོས་རྭ་བ་དང་ཀརྨའི་སྒར་ཆེན་ཆེན་མོའི་ཕྱོོགས་ཡོངས་སུ། ཆུ་འཛིན་དཀར་མོས་ལྷ་ལམ་གཡོགས་པ་བཞིན་དུ་སྨུག་འཁྱིམས་སྟུག་པོས་ཕྱོགས་ཀུན་འཁྱུད་ནས་རང་བྱུང་བསིལ་རླུང་དལ་པོས་ལྷིང་ལྷིང་རྒྱུ་བའི་ལྷན་དུ། འཕགས་ཚོགས་འདུས་པ་རིན་པོ་ཆེ་བཞེེངས་བརྡའི་མཁར་རྔ་བརྡུང་བའི་སིང་སིང་གི་སྒྲ་དང་འགྲོགས་ཏེ། ཐོག་མ་དགེ་བར་སྐྱབས་འགྲོ་སེམས་བསྐྱེད་སོགས་ཞལ་འདོན་འུར་འུར་སྐྱོར་བཞིན་དུ་སྐུ་བཞེངས་ཏེ་གདོང་དང་སོའི་དྲི་ལེགས་པར་བཀྲུས་རྗེས་སུ། བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གསུང་ཆོས་རྭ་བའི་རྟེན་གྱི་གཙོ་བོ་ཐུབ་པའི་སྐུ་བརྙན་དང་། སྨོན་ལམ་མཆོད་པ། ཡིད་དམ་དཀྱིལ་འཁོར་ལྷ་ཚོགས་དང་བཀའ་བརྒྱུད་གསེར་ཕྲེང་གི་སྐུ་ཐང་སོགས་དད་ལྡན་དང་བ་འདྲེན་པའི་མིག་རྒྱན་དང་འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་མཆོག་གི་དཀྱིལ་འཁོར་ཆེན་པོའི་ཚོགས་དབུས་པདྨའི་གེ་སར་སྡོང་པོ་ལ། བཀའ་བརྒྱུད་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་གཙོས་པའི་བསམ་བཞིན་སྲིད་པར་སྐྱེ་བ་བཞེད་པའི་མཆོག་གི་སྤྲུལ་པའི་སྐུ་རྣམས་དང་། ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེའི་ཁུར་ཆེན་བཏེགས་པའི་མཁན་སློབ་དགེ་བའི་བཤེས་གཉེན། རིམ་གཉིས་རྣལ་འབྱོར་གྱི་བརྒྱུད་འཛིན་སྒྲུབ་བླ་རྣམས་དབུས་དགེ་འདུན་བཙུན་པ་བཙུན་པ་སྟོང་ཚོ་བཞི་ལ་ཉེ་བ་རྒྱལ་བལ་འབྲུག་གསུམ་དུ་ཡོད་པའི་བཀའ་དགོན་ཁག་བཞི་བཅུ་ལྷག་ནས་ཕེབས་པའི་འདུས་ཚོགས་རིན་པོ་ཆེ་དམ་ཆོས་འདུལ་བའི་རྩ་ཁྲིམས་དང་མཐུན་པ་ཆོས་གོས་རྣམ་གསུམ་གྱིས་ཚུལ་བཞིན་དུ་ལེགས་པར་བརྒྱན་པའི་རང་བྱུང་ངུར་སྨྲིག་གི་སྡེ་དང་། དེ་བཞིན་དུ་འཛམ་གླིང་ཡུལ་གྲུ་ཀུན་ནས་ཕེབས་པའི་སྐལ་བ་དང་ལྡན་པའི་ཆོས་ཞུ་བ་དད་ལྡན་ལྷག་བསམ་ཅན་ཁྱིམ་པའི་སྡེ་སྟོང་ཚོ་ལ་ཉེ་བ་ལྷན་དུ་གདན་འཛོམས་པ་ཆེན་པོའི་སྟེང་དུ་འཁོད་དེ། དཔལ་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ནས་གཏན་འབེབས་གནང་བའི་འཆར་ཅན་གྱི་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཞལ་འདོན་མཛད་རིམ་ལྟར་དུ། ༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་མཆོག་ནས་འདུས་ཚོགས་རིན་པོ་ཆེ་ལ་ཐེག་ཆེན་གསོ་སྦྱོང་གི་སྡོམ་ལུང་གནང་། སྤྱིར་སྤྱིར་བཏང་གསོ་སྦྱོང་ནི་བསོད་ནམས་ཀྱི་ཚོགས་ཆེན་རྫོགས་པ་ཡོན་ཏན་ཁྱད་པར་ཅན་གྱི་ཐབས་ཤིག་ཡིན་ལ། དེ་ཡང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། གང་གིས་བསྐལ་པ་གངྒཱའི་བྱེ་སྙེད་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང༌། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཕྲག་ཁྲིག་རིམ་གྲོ་བྱས། །གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང༌། །བདེ་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་ན། །བསོད་ནམས་དེ་ནི་དེ་བས་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་རོ། དེ་རྗེས་སུ་༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་མཆོག་དང་མཉམ་དུ་སྨོན་ལམ་ཆེན་མོའི་ལས་བྱེད་པ་འགའ་གནས་མཆོག་རྡོ་རྗེ་གདན་གྱི་རྟེན་མ་ཧཱ་བོདྷི་མཆོད་རྟེན་ནང་དུ་བཞུགས་ཡོད་པའི་ཐུབ་པའི་སྐུ་བརྙན་མཐོང་གྲོལ་ཆེན་མོར་སྲབ་འཇམ་ཡང་པའི་ན་བཟའ་གསོལ་ཞིང་སྐུ་མདུན་དུ་ལྷུང་བཟེད་བསྐང་མཆོད་ཆེད་དུ་ཕེབས། སྨོན་ལམ་དབུ་མཛད་མཆོག་ནས་དངོས་གཞི་སྨོན་ལམ་འདོན་ཆོག་ལེགས་སྦྱར་ཞལ་འདོན་དང་བདག་སྡང་མ་སོགས་གསུང་གནང་སྟེ་རིམ་པ་བཞིན་དུ་སྨོན་ལམ་ཞལ་འདོན་ཕྱག་ཚོད་ ༦ པ་ནས་ཕྱག་ཚོད་ ༨:༣༠ བར་དུ་གསུང་གནང་སྟེ་ཚོགས་ཐེངས་དང་པོ་གྲོལ།

དེའི་རྗེས་སུ་ཕྱག་ཚོད་ ༩:༡༥ ནས་༧དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ནས་དཔལ་ལྡན་དུས་གསུམ་མཁྱེན་པའི་ཚོགས་མཆོད་ཆོས་སྒྲུབ་མའི་གསུང་ཆོས་རྨད་བྱུང་གསུང་གི་བདུད་རྩིའི་སྦྲང་ཆར་ཕྱོགས་ཀུན་ཏུ་ཁྱབ་པར་མཛད་པའི་སྒོ་ནས་ཕྱག་ཚོད་ ༡༠ པའི་བར་དུ་བཀའ་དྲིན་ཟབ་མོ་བསྐྱངས་གནང་། དེ་ཡི་མོད་དུ་༧རྒྱལ་དབང་མཆོག་དང་ལྷན་དུ་ལམ་རིམ་སྨོན་ལམ། ལྗགས་བསྔོས་བསྡུས་པ། གསོན་གཤིན་བསྔོབ། སྨོན་ལམ་འགྲུབ་པའི་གཟུངས་དང་བསྟན་རྒྱས་སྨོན་ལམ་གསུངས་ནས་སྔ་དྲོའི་མཛད་རིམ་མཇུག་བསྡུ་གནང་སྟེ་ཉིན་དགུང་གསོལ་ཚིགས་ལ་རོལ།

ཉིན་རྒྱབ་ཕྱག་ཚོད་ ༡:༣༠ ཐོག་སླར་ཡང་སྨོན་ལམ་གྱི་རྒྱལ་པོ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་དང་སྤྱོད་འཇུག་སྨོན་ལམ་དང་བདེ་སྨོན་ཤེས་བྱ་མ་བཅས་སྙན་ཞིང་འཇེབས་ལ། ཐོས་པ་ཙམ་གྱིས་དད་གསུམ་ཡིད་ཀྱི་ལང་ཚོ་རབ་དུ་བརྟས་ཏེ། དད་པའི་སྤུ་ལྡང་ཞིང་མོས་གུས་ཀྱི་མེ་ལྕེ་འབར་བའི་ཚངས་སྲས་ལྷ་མོའི་དབྱངས་ཀྱི་རྟ་ལ་སྐྱོན་ནས་སྨོན་ལམ་ཆོས་རྭ་ཆེན་མོ་ཕྱོགས་ཡོངས་སུ་བསྐང་སྟེ་ཕྱག་ཚོད་༣ པར་བར་སེང་གྲོལ།
སླར་ཡང་ཕྱག་ཚོད་ ༣:༣༠ སྟེང་དུ་མུ་མཐུད་དུ་རྒྱལ་བ་བཀའ་བརྒྱུད་པའི་སྨོན་ལམ་རྣམས། རིས་མེད་བསྟན་པ་འཛིན་པའི་སྐྱེས་ཆེན་རྣམས་ཀྱི་ཞབས་བརྟན་ཁག་དང་། ཆོས་ཀྱི་དབྱིེངས་ལས་ཁྲོ་བོའི་སྐུ་སྟོན་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་བ་ལ་ཞལ་བཞེས་དམ་བཅའ་གནང་བའི་བསྟན་སྲུང་ཆེན་མོའི་རྣམ་པར་བྱོོན་པའི་མགོན་པོ་མ་ཧཱ་ཀཱ་ལའི་བསྐང་གསོལ་བསྡུས་པ་རོལ་རྒྱ་དུང་གསུམ་འབུད་རྡུང་དཀྲོལ་གསུམ་ཀྱི་མཆོད་པ་དང་འགྲོགས་ནས་གྲུབ་རྗེས་སུ། བོད་ཡུལ་བདེ་བའི་སྨོན་ལམ། ལུང་གཞིའི་ཤིས་བརྗོད། སྨོན་ལམ་བདེན་གྲུབ་མ་སོགས་རྒྱལ་དབང་མཆོག་གིས་ལྗགས་རྩོམ་གནང་བའི་གདངས་དབྱངས་ཀྱིས་ཡངས་པའི་ལྷ་ལམ་བར་དུ་ཁྱབ་པར་མཛད་དེ་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་བཞི་བཅུ་པའིི་ཉིན་གཉིས་པའི་རྣམ་དཀར་དགེ་ཚོགས་ཀྱི་སྤྲིན་དཀར་ཕྱོགས་བཅུར་བརྡལ་ཞིང་གཡོ་བའི་སྒོ་ནས་མཇུག་བསྡུའོ།
བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གནས་ཚུལ་རགས་བསྡུས་པ་གུས་ཉི་མ་དོན་འགྲུབ་ནས།

༧དཔལ་རྒྱལ་དབང་སངས་རྒྱས་ཀརྨ་པ་མཆོག་གིས་སྨོན་ལམ་ཐེངས་བཞི་བཅུ་པའི་དངོས་གཞི་ཉིན་གཉིས་པར་བསྩལ་གནང་བའི་གསུང་ཆོས། དུས་གསུམ་མཁྱེན་པའི་ཚོགས་ཆོས་ཆོས་དྲུག་མ།

"ཐོག་མར་སྨོན་ལམ་ཆེན་མོ་ལ་ཆིབས་བསྒྱུར་བསྐྱངས་པའི་རྒྱལ་བའི་རྒྱལ་ཚབ་དྲུང་གོ་ཤྲི་ཆེན་པོ་རེད། དེ་ག་ནང་བཞིན་དུ་༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ། བླ་སྤྲུལ་དགེ་བའི་བཤེས་གཉེན། དགེ་འདུན་འདུས་པའི་སྡེ། སེར་སྐྱ་ཕོ་མོ་ཡོངས་སུ་རྫོགས་པ་ལ་བཀྲ་ཤིས་པའི་འཚམས་འདྲི་ཞུ་ཡ་ཡིན།
དེ་རིང་མུ་མཐུད་དུ་ཆོས་རྗེ་དུས་གསུམ་མཁྱེན་པའི་ཚོགས་མཆོད། དེའི་མཚན་ལ་ཆོས་དྲུག་མ་ཞུས་ན་འགྲིག་གི་མེད་འགྲོ་བསམ་གྱི་འདུག ཚོགས་མཆོད་ཆོས་དྲུག་མའི་ནང་ལོགས་ནས་བླ་ན་མེད་པའི་སངས་རྒྱས་བསྒྲུབ་པར་བྱེད་པ་ལ་མཐུན་རྐྱེན་ནམ་ཆ་རྐྱེན་གལ་ཆེན་པོ་དྲུག་ཚང་དགོས་ཀྱི་ཡོད་རེད་ཟེར། དེའི་ནང་ནས་དང་པོ་དེ་དད་པ་གལ་ཆེན་པོ་རེད་གསུངས་ཡོད་རེད།
ཁ་སང་དད་པ་དང་ཡིད་ཆེས་ཡོད་པ་ལ་བརྟེན་ནས་དངོས་ཡོད་ཀྱི་མི་ཚེའི་ནང་ཕན་ཐོགས་ག་རེ་ག་རེ་ཡོད་མེད་དེའི་ཚོ་སྐོར་ལ་ཞུས་ཟིན་པ་རེད། གཤམ་ལ་ག་རེ་ཞུ་འདོད་བྱུང་ཟེར་ན། དད་པ་དང་ཡིེད་ཆེས་ཡོད་པ་ལ་བརྟེན་ནས་ང་ཚོ་ཚང་མ་མི་གཞན་དག་དང་མཉམ་དུ་འགྲོགས་པའི་སྐབས་དང་། དེ་ག་ནང་བཞིན་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་ཡང་ཕན་ཐོགས་ག་རེ་ཡོང་གི་ཡོད་མེད། དེའི་སྐོར་ལ་ཏོག་ཙམ་ཞིག་ཞུས་པ་ཡིན་ན་ཏོག་ཙམ་ཕན་ཐོགས་ཡོང་གི་མེད་འགྲོ་བསམ་དྲན་སོང་།
དང་པོ་དེ་དད་པ་དང་ཡིད་ཆེས་ཟེར་ཡ་དེ་སྤྱི་ཚོགས་ཀྱི་ཁྲོད་དུ་མི་གཞན་དག་མཉམ་དུ་ལས་ཀ་བྱེད་པ་ལ་མཐོང་མི་ཐུབ་པའི་སྦྱར་རྩི་ལྟ་བུ་ཞིག་རེད། མཐོང་མི་ཐུབ་པའི་སྦྱར་རྩི་ལྟ་བུ་ཞིག་རེད་ཟེར་ཡ་དེ་གང་འདྲ་རེད་ཟེར་ལབ་ན། ང་ཚོའི་ཉིན་རེའི་འཚོ་བ་དེ་དོན་དངོས་ཐོག་ལ་རྣམ་པ་འདྲ་མིན་གྱི་ཡིད་ཆེས་གཅིག་གི་ནང་ལོགས་ལ་འཚོ་བ་སྐྱེལ་ནས་བསྡད་ཡོད་རེད། དཔེར་ན་ང་ཚོ་སྨན་ཁང་ལ་འགྲོ་ཡི་རེད་བ། སྨན་ཁང་ལ་འགྲོ་ཡ་དེ་སྨན་པས་སོ་སོ་ལ་བརྟག་དཔྱད་ཡག་པོ་བྱེད་ཀྱི་རེད་མ་གཏོགས་གནོད་འཚེ་བྱེད་ཀྱི་མ་རེད་བསམ་བསམ་གྱི་ཡིད་ཆེས་ཡོད་པའི་དབང་གིས་སྨན་ཁང་ལ་འགྲོ་ཡི་ཡོད་རེད། དེ་ག་ནང་བཞིན་གྱི་ང་ཚོས་ནམ་རྒྱུན་སྒོར་མོ་མང་པོ་ཞིག་བསགས་བསྡད་ཀྱི་ཡོད་རེད། དཔེ་ཤག་དེ་དངོས་གནས་བྱས་པ་ཡིན་ན། ཤོག་གུ་ཞིག་རེད་བ། ཡིན་ན་ཡང་ཤོག་གུ་འདི་ལ་བརྟེན་བྱས་སང་ཉིན་ཅ་ལག་གཞན་དག་དང་བརྗེ་བོ་རྒྱག་ཐུབ་ཀྱི་རེད་བསམ་བསམ་དང་། ཅ་ལག་གཞན་དག་ཉོ་ཐུབ་ཀྱི་རེད་བསམ་པའི་ཡིད་ཆེས་ཡོད་པ་ཡིན་དུས། དེའི་རྒྱུ་མཚན་བརྟེན་ནས། དཔེ་ཤག་བསགས་ཀྱི་ཡོད་རེད་བ། དེ་ག་ནང་བཞིན་གྱི་ང་ཚོས་སོ་སོ་དཀའ་ངལ་བརྒྱབ་ནས་བསགས་བཞག་པའི་སྒོར་མོ་དེ་དངུལ་ཁང་ནང་ལོགས་ལ་བཞག་ཕོད་པ་དང་། དེ་ག་ནང་བཞིན་གྱི་ངོ་མི་ཤེས་པའི་མི་དང་མཉམ་དུ་ཉོ་ཚོང་རྒྱག་ཕོད་པ། གན་རྒྱ་ལ་མིང་རྟགས་བཀོད་ཕོད་ཡ་དང་། ཟ་ཁང་ནང་དུ་ཁ་ལག་ཟ་ཕོད་ཡ། སོ་སོ་གཅིག་པུ་ཕྱི་ལོགས་ལ་འགྲོ་ཕོད་པ་ལ་སོགས་པ་དེ་དག་ཐམས་ཅད། ང་ཚོའི་སེམས་ཀྱི་ནང་ལོགས་ལ་གཞི་རྩའི་ཡིད་ཆེས་ཤིག་ཡོད་པ་ཡིན་དུས། དེའི་རྒྱུ་མཚན་ལ་བརྟེན་ནས་དེ་སྐད་བྱེད་ཕོད་ཀྱི་ཡོད་རེད། དེ་རེད་མ་གཏོགས་ཡིད་ཆེས་རྩ་བ་ནས་མེད་པ་ཡིན་ན། དེ་སྐད་བྱེད་ཕོད་ཡ་དང་ལས་ཕོད་ཡ་མེད་པ་ཡིན་པ་རེད། དེའི་རྒྱུ་མཚན་ལ་བརྟེན་ནས། དད་པ་དང་ཡིད་ཆེས། དེའི་ནང་ནས་ཡིད་ཆེས་ཟེར་བ་དེ་སྤྱི་ཚོགས་མཉམ་ལས་བྱེད་ཡ་གལ་ཆེན་པོ་ཞེ་བོ་ཞིག་ཆགས་བསྡད་ཡོད་རེད།

དོན་ཚན་གཉིས་པ་དེ་ག་རེད་ཟེར་ལབ་པ་ཡིན་ན། དད་པ་དང་ཡིད་ཆེས་ཡོད་པ་ལ་བརྟེན་ནས། གཞི་ནས་ང་ཚོ་ཟེར་ཡ་དེ་ཆགས་ཐུབ་ཀྱི་ཡོད་རེད། དད་པ་དང་ཡིད་ཆེས་མེད་པ་ཡིན་ན། ང་ཚོ་ང་ཚོ་ཟེར་ཡ་དེ་ཁོ་རང་ཡོང་ཐུབ་ཀྱི་ཡོད་མ་རེད། ང་ཚོ་ང་ཚོ་ཟེར་བ་དེ་གང་འདྲ་བྱས་ནས་གྲུབ་པ་རེད་ཟེར་ལབ་པ་ཡིན་ན། མི་མང་པོ་ཞིག་མཉམ་དུ་འཛོམས་བྱས། དོན་དག་གཅིག་གམ་གནད་དོན་གཅིག་ལ་ཡིད་ཆེས་ཡོད་པ་ལ་བརྟེན་ནས། མི་མང་པོ་ཞིག་མཉམ་དུ་རུབ་རུབ་བྱས་ནས། དེ་ལ་ང་ཚོ་ཟེར་ཡ་ཞིག་མིང་བཏགས་ཀྱི་ཡོད་རེད་བ། དེ་ཡང་དཔེར་ན། ཚན་རིག་ལ་ཡིད་ཆེས་བྱེད་ཡ་དང་། དམངས་གཙོ་ལ་ཡིད་ཆེས་བྱེད་ཡ་ལ་སོགས་པ་དེ་འདྲ་བའི་སྒོ་ནས་ལྟ་ཚུལ་གཅིག་པ་ཡིན་ན་ཡང་འགྲིག་གི་འདུག ཡང་ན་ཁོར་ཡུག་སྲུང་སྐྱོབ་དང་། ཡང་ན་ཏོག་དབྱིབས་ནད་དུག་ལ་སོགས་པ་དེ་འདྲ་བའི་ནད་ཡམས་ལས་རྒྱལ་བ་འདོད་པ་ལྟ་བུ། དེ་འདྲ་བའི་དམིགས་ཡུལ་གཅིག་པ་ཡིན་ཡང་འགྲིག་གི་འདུག ཡང་ན་དཀོན་མཆོག་གསུམ་ལ་དད་པ་བྱེད་ཡ། ཟས་དཀར་ཟས་བཟའ་ཡ་ལ་སོགས་པ། དེ་འདྲ་ཡི་ཆོས་དད་གཅིག་པ་ཡིན་ཡང་འགྲིག་གི་འདུག འཚོ་བ་སྐྱེལ་སྟངས་གཅིག་པ་ཡིན་ན་ཡང་འགྲིག་གི་འདུག ཐ་ན་ང་ཚོ་མདོ་དབུས་ཁམས་གསུམ་གྱི་བོད་མི་ཐམས་ཅད་གཅིག་གྱུར་ཡིན་པའི་འདུ་ཤེས་ཡོང་ཡ་དེ་ཡང་། གཙོ་བོ་ང་ཚོ་རིགས་རྒྱུད་གཅིག་པ་ཡིན་པ། སྐད་ཡིག་གཅིག་པ་ཡིན་པ། རིགས་གཞུང་གཅིག་པ་ཡིན་པ། གོམས་གཤིས་གཅིག་པ་ཡིན་པར་ཡིད་ཆེས་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས། གཅིག་གྱུར་གྱི་འདུ་ཤེས་ཟེར་ཡ་དེ་ཡོང་གི་ཡོད་རེད། གལ་སྲིད་དེ་འདྲ་བའི་ཡིད་ཆེས་མེད་པ་ཡིན་ན། ང་ཚོ་བོད་རིགས་གཅིག་པ་ཡིན་བསམ་ཡ་ཡི་འདུ་ཤེས་དེ་ཡོང་གི་མ་རེད། དེའི་རྒྱུ་མཚན་ལ་བརྟེན་ནས། ང་ཚོ་མཉམ་ལས་བྱེད་ཡ་ལ་ཡིད་ཆེས་དེ་གལ་ཆེན་པོ་ཞེ་བོ་ཆགས་བསྡད་ཡོད་རེད།

གསུམ་པ་དེ་དད་པ་ཡིད་ཆེས་ཟེར་ཡ་དེ་ཡོད་པ་ཡིན་ན། ང་ཚོ་མི་བཟང་པོ་བྱེད་ཡ་དང་། མི་འགན་ཁུར་ཐུབ་མཁན་ཞིག་བྱེད་ཡ་ཡི་ཁེར་རྐྱང་མཁར་སྟེགས་བཏེགས་འདྲ་བོ་དེ་ཡོང་བསྡད་ཡོད་རེད། གལ་སྲིད་དད་པ་ཡིད་ཆེས་མེད་པ་ཡིན་ན། མི་བཟང་པོ་བྱས་པ་ཡིན་ན་ཡང་། དེ་ཁེར་བཀྱག་བྱེད་མཁན་མེད་པ་འདྲ་བོ་ཆགས་བསྡད། དཔེར་ན། མི་གཞན་དག་གིས་སོ་སོ་ལ་ལྟ་མཁན་ཡོད་ན་འདྲ། སྐུར་འདེབས་བྱེད་མཁན་ཡོད་ན་འདྲ་མེད་ན་འདྲ། གཞན་གྱིས་སྐུར་འདེབས་དང་ལྟ་སྲུང་བྱེད་མིན་ལ་མ་བལྟོས་པར། སོ་སོའི་ལས་ཀ་བཟང་པོ་བྱེད། སྒྲིག་ལམ་ཡག་པོ་སྲུང་ཐུབ་ཡ་དེ་འདྲ་ཡོད་ཀྱི་ཡོད་རེད། དེ་འདྲ་ཡོང་ཐུབ་པའི་རྒྱུ་མཚན་ག་བ་ཐུགས་བསྡད་ཡོད་རེད་ཟེར་ན། ང་ཚོའི་སེམས་ཀྱི་ནང་ལོགས་སུ་ཡིད་ཆེས་ཤིག་ཡོད་པ་ལ་བརྟེན་ནས་རེད། ཡིད་ཆེས་དེ་གང་འདྲ་ཞིག་རེད་ཟེར་ན། ཡིད་ཆེས་དེ་རྣམ་པ་འདྲ་མིན་གྱི་ཐོག་ནས་ཡོང་ཆོག་གི་ཡོད་རེད། དཔེར་ན། ང་ཚོས་ལས་ཀ་བཟང་ངན་གང་འདྲ་བྱས་ཀྱང་སངས་རྒྱས་ཀྱིས་གཟིགས་བསྡད་ཡོད་རེད། སངས་རྒྱས་ཀྱིས་མཁྱེན་གྱི་ཡོད་རེད་བསམ་པའི་ཡིད་ཆེས་ཡོད་པ་ལ་བརྟེན་ནས་ཡོང་གི་ཡོད་རེད། ཡང་མིན་ན་དགེ་བ་བྱས་ན་འབྲས་བུ་བཟང་པོ་འབྱུང་གི་རེད། སྡིག་པ་བྱས་ན་འབྲས་བུ་ངན་པ་འབྱུང་གི་བསམ་པའི་ཡིད་ཆེས་ཡོད་པ་ལ་བརྟེན་ནས་ཀྱང་ཡོང་གི་ཡོད་རེད། ཡང་ན་ང་རང་ཚོ་མི་ཚང་མའི་བསམ་བློ་ནང་ལོགས་སུ་ལོ་རྒྱུས་ཀྱིས་ཐག་བཅད་དྲང་པོ་བྱེད་ཀྱི་རེད་བསམ་པའི་ཡིད་ཆེས་ཡོད་པ། ཡང་ན་སྤྱི་ཚོགས་ཀྱིས་མཐའ་མ་དེ་ལ་ངས་བཟང་པོའི་ལས་ཀ་བྱས་པ་དེ་ལ་བཟང་ལེན་ཞིག་ལོག་གི་རེད་བསམ་པའི་ཡིད་ཆེས་ཡོད་པ་ལ་བརྟེན་ནས། ང་ཚོས་མུ་མཐུད་དུ་བཟང་པོའི་ལས་ཀ་བྱེད་བསྡད་ཡ་། གཞན་གྱིས་གུས་བཀུར་མ་བྱས་པ་དང་གཞན་གྱིས་ལྟ་སྲུང་བྱས་པ་ལ་མ་བལྟོས་པ་སོ་སོས་ལས་ཀ་བཟང་པོ་བྱེད། བྱ་བ་བཟང་པོ་སྒྲུབ་ཡ་ཡོང་བསྡད་པ་དེ་ཡང་ཡིད་ཆེས་ཡོད་པ་ལ་བརྟེན་ནས་ཡོང་གི་ཡོད་རེད། དེ་འདྲ་ཡིན་དུས་ཡིད་ཆེས་ཟེར་ཡ་དེ། ང་རང་ཚོའི་སེམས་ཀྱི་ནང་ལོགས་སུ་ཚད་འཇལ་བྱེད་ཀྱི་རྒྱ་མ་འདྲ་བོ་ཞིག་དང་། ཡང་ན་སེམས་ནང་གི་སྐད་ཆ་འདྲ་བོ་ཞིག་ཆགས་བསྡད་ཡོད་རེད། དེས་ང་ཚོ་ལ་ཕན་ཐོགས་ག་རེ་ཡོང་གི་ཡོད་རེད་ཟེར་ན། ང་ཚོས་ལས་ཀ་བྱ་དགོས་ཡ་ག་རེ་ཡིན་པ། བྱ་མི་དགོས་པ་ག་རེ་ཡིན་པ་དེ་ཚོ་དྲན་གསོ་ཡག་པོ་ཞིག་བཏང་གིས་ཡོད་རེད། དེ་ཡང་ང་ཚོ་ཁྲིམས་དང་ཆད་པ་ལ་འཇིགས་ནས་སྒྲིག་ཁྲིམས་སྲུང་བསྡད་པ་དེ་འདྲ་མ་ཡིན་པ། སོ་སོའི་ངོས་ནས་མ་བསྐུལ་དང་བླངས་ཀྱིས་ཐོག་ནས་ལས་ཀ་བཟང་པོ་བྱེད་ཡ་དེ་གདམ་ཡ་དང་། དེ་ག་ནང་བཞིན་གྱིས་རང་འགན་རང་ཁུར་བྱེད་ཡ། ཐ་ན་མི་ཞིག་དོན་ལ་བློས་གཏོང་བྱེད་ཐུབ་ཡ་ཡི་སེམས་ཤུགས་ཡོང་ཐུབ་ཡ་དེ་ཡང་གཙོ་བོ་དད་པ་ཡིད་ཆེས་ཡོད་པ་ལ་བརྟེན་ནས་ཡོང་བསྡད་ཡོད་རེད། སྤྱིར་བཏང་དད་པ་ཡིད་ཆེས་བྱས་མ་བྱས་དེ་མི་སྒེར་གྱི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། ཡིན་ན་ཡང་དོན་དངོས་ཐོགས་ལ་དད་པ་དང་ཡིད་ཆེས་ཟེར་ཡ་དེ་སྤྱི་ཚོགས་ཡོངས་ཀྱི་གནད་དོན་ཞིག་ཆགས་བསྡད་ཡོད་རེད། དེ་ཡང་དད་པ་ཡིད་ཆེས་ཡོད་པ་ཡིན་ན། དཔེར་ན་ཤོག་གུ་སྦྱར་ཡ་ཡི་སྦྱར་རྩི་ནང་བཞིན། ང་རང་ཚོས་མི་དང་མི་མཉམ་དུ་སྦྱར་བྱས་ནས་མཉམ་དུ་ལས་ཀ་ལས་ཀྱི་གོ་སྐབས་བསྐྲུན་ཐུབ་པ་ཡོང་གི་ཡོད་རེད། དེ་ཡང་ཡིད་ཆེས་དེ་ཁ་བཏགས་མདུད་པ་བརྒྱབ་པ་ནང་བཞིན་བྱས་ནས། ཁ་ཐོར་བསྡད་པའི་མི་དེ་ཚོ་ང་ཚོ་ང་ཚོ་ཟེར་ནས་རྡོག་རྡོག་དང་གཅིག་གྱུར་ལ་བཟོ་ཐུབ་ཀྱི་ཡོད་རེད། དཔེར་ན་ཐམས་ཅད་ཀྱི་སེམས་པ་གཅིག་ཏུ་ཕྱོགས། ལག་གདང་གཅིག་ཏུ་སྒྲིལ་ཐུབ་པ་དེ་ཡང་གཙོ་བོ་དད་པ་ཡིད་ཆེས་ཡོད་པ་ལ་བརྟེན་ནས་ཡོང་གི་ཡོད་རེད། དེ་ག་ནང་བཞིན་གྱིས་ཡིད་ཆེས་དེ་སོ་སོའི་སེམས་པའི་ནང་ལོགས་ལ་ཕྱོགས་སྟོན་འཁོར་ལོ་འདྲ་བོ་ནང་བཞིན་ཆགས་བསྡད་ཡོད་རེད།

ཕྱོགས་སྟོན་འཁོར་ལོ་ཟེར་ཡ་དེ་ཕྱོགས་ག་བ་འདུག་ལྟ་ཡ་ཞིག་ཡོད་པ་དེ་རེད། ཕྱོགས་སྟོན་འཁོར་ལོ་ནང་བཞིན་བྱས་ནས་མངོན་གསལ་ཞེ་དྲག་མེད་པའི་ཐོག་ནས་ང་ཚོ་མི་བཟང་པོ་ཆགས་ཡ་དང་། ལས་ཀ་བཟང་པོ་བྱེད་ཡ། འགན་ཁུར་ཐུབ་པའི་མི་ཞིག་ཆགས་ཡ་ཡི་ལམ་ཀ་སྟོན་སྡོད་ཡོད་རེད། དེ་འདྲ་ཡིན་དུས་ཙ་ནས། ཡིད་ཆེས་ཀྱིས་ཁེངས་བསྡད་པའི་སྤྱི་ཚོགས་ཤིག་ཡིན་པ་ཡིན་ན། དེ་འདྲ་བའི་སྤྱི་ཚོགས་དེ་ནུས་པ་ལྡན་པ། མཐུན་འབྲེལ་ཡོད་པ། དྲོ་སོབ་སོབ་ཀྱི་སྤྱི་ཚོགས་ཤིག་ཆགས་ཐུབ་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ཙ་ནས། སྤྱིར་བཏང་ཡིད་ཆེས་ཟེར་དུས་ང་རང་ཚོས་མིག་གིས་མཐོང་ཡ་ད་ཡོད་མ་རེད། ཡིན་ན་ཡང་ང་ཚོ་ཚང་མ་གཅིག་མཉམ་དུ་འཚོ་བ་སྐྱེལ་ཡ་ཡི་རྨང་རྡོ་ལྟ་བུ་ཆགས་བསྡད་ཡོད་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་དད་པ་ཡིད་ཆེས་ཟེར་བ་ཡ་དེ་མི་སྒེར་ལ་མཚོན་པ་ཡིན་ན་ཡང་གལ་ཆེ་བ། སྤྱི་ཚོགས་ལ་མཚོན་པ་ཡིན་ན་ཡང་གལ་ཆེ་བ། དེ་ག་ནང་བཞིན་གྱིས་དམ་པའི་ལྷ་ཆོས་ལ་མཚོན་པ་ཡིན་ན་ཡང་། གལ་ཆེན་པོ་ཞེ་བོ་ཞིག་ཆགས་བསྡད་ཡོད་རེད།

ད་མུ་མཐུད་བྱས་ནས་དུས་གསུམ་མཁྱེན་པའི་ཚོགས་མཆོད་ཆོས་དྲུག་མ་ཞུ་ཡ་ཡིན། ཚོགས་མཆོད་ཆོས་དྲུག་མའི་ནང་ལོགས་སུ་མུ་མཐུད་དུ་ག་རེ་གསུང་ཡོད་རེད་ཟེར་ན། མཚན་ཉིད་པ་རྣམས་ཀྱིས་ཤེས་བྱ་བདེན་པ་བཞི་ལ་དད་པ་དང། འབྲས་བུ་སྐུ་གསུམ་ལ་དད་པ། ལས་རྒྱུ་དང་འབྲས་བུ་ལ་དད་པ། རྟེན་དཀོན་མཆོག་གསུམ་ལ་དད་པ་ལ་སོགས་པ། དད་པ་རང་ལ་མི་འདྲ་བ་མང་པོ་བཤད་ཀྱང་། འདོད་པའི་དད་པ་དང་། ཡིད་ཆེས་པའི་དད་པ་དང་། དང་བའི་དད་པ་གསུམ་པ་ལ་མ་འདུས་པ་ནི་མེད་ཅེས་གསུང་། དེས་ན་དད་པ་དང་ལྡན་པ་ཞིག་ཤིན་ཏུ་གལ་ཆེ་ཞེས་གསུངས་འདུག་ག །བྱས་ཙང་གོང་དུ་ཞུས་པ་ནང་བཞིན། ཆོས་བྱེད་ཡ་ལ་དང་པོ་ཡིད་ཆེས་དགོས་ཡ་དེ་ཞེ་བོ་ཞིག་གལ་ཆེན་པོ་རེད། ཡིན་ན་ཡང་མཚམས་མཚམས་དཔེ་ཆ་སློབ་སྦྱོང་བྱེད་མཁན་མཚད་ཉིད་པ་ཁ་ཤས་ཀྱིས་སྐད་ཆ་འདི་འདྲ་ལབ་སྲིད་ཀྱི་རེད། དཔེ་ཆ་ལྟ། སློབ་སྦྱོང་བྱེད་དགོས་རེད། དཔེ་ཆ་ཤེས་ན་འགྲིག་བསྡད་ཡོད་རེད། ཤེས་རབ་ཡོད་ན་དད་པ་མེད་ཀྱང་འགྲིག་འགྲོ་ཡི་རེད་བཤད་མཁན་ཡོང་གི་རེད། ཡིན་ན་ཡང་། དོན་དངོས་ཐོག་ལ་ང་རང་ཚོས་བདེན་པ་བཞིའི་དོན་གང་ཡིན་པ་དེ་བློ་ལ་ཁྲ་ལམ་མེར་ཡོད་པ་ཡིན་ན་ཡང་། བདེན་བཞི་ཡི་སྤང་བླང་གི་རིམ་པ་ལ་དད་པ་དང་ཡིད་ཆེས་མེད་པ་ཡིན་ན། འདི་ནས་འདི་བཤད་འདུག །འདིའི་དོན་དག་དེ་འདི་རེད་བསམ་བསམ་གྱི་གོ་བ་འདྲ་བོ་དང་བསམ་བློ་འདྲ་བོ་ཞིག་མ་གཏོགས་པས། འདི་དཔེ་ཁ་ཚ་དགོས་གཏུགས་ཤིག་རེད་འདུག ལག་ལེན་མ་བསྟར་བ་བྱས་ཉམས་སུ་མ་བླངས་པ་ཡིན་ན། བདེན་པ་བཞི་ཤེས་པ་དང་མ་ཤེས་པ་ལ་ཁྱད་པར་ཞེ་དྲག་མེད་པ་འདྲ་བོ་ཆགས་འགྲོ་ཡ་ཡི་ཉེན་ཁ་ཡོད་རེད། དེ་ག་ནང་བཞིན་ལས་རྒྱུ་འབྲས་ཀྱི་རྣམ་གཞག་འདྲ་བོ་ཞིག་ཆ་མཚོན་པ་ཡིན་ན་ཡང་། དད་པ་དང་ཡིད་ཆེས་མེད་པ་ཡིན་ན། ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཤེས་པ་ཙམ་གྱིས་ཕན་ཐོགས་ཞེ་དྲག་ཡོང་གི་མ་རེད། དཔེར་ན་མི་དགེ་བཅུ་པོ་དེ་འདི་དང་འདི་རེད། དགེ་བ་བཅུ་དེ་འདི་འདི་རེད་ཟེར་ཅེས་ངོས་འཛིན་གསལ་པོ་བྱེད་ཐུབ་པ་དང་། དེ་ག་ནང་བཞིན་གྱིས་མཐོང་ཆོས་མྱོང་འགྱུར་གྱི་ལས། སྐྱེ་ནས་མྱོང་འགྱུར་གྱི་ལས། ལན་གྲངས་གཞན་ལ་མྱོང་གྱུར་གྱི་ལས། འདི་རེད་ཅེས་རྣམ་གཞག་དེ་ཚོ་རེ་རེ་ནས་ཕྱེ་ཐུབ་པ། དབྱེ་བ་དེ་ཚོ་རེ་རེེ་ནས་ཕྱེ་ཐུབ་པ་དེ་འདྲ་ཡིན་ན་ཡང་། སེམས་གཏིང་ནས་ལས་འབྲས་ལ་ཡིད་ཆེས་མེད་པ་ཡིན་ན། དགེ་སྡིག་སྤང་བླང་ཚུལ་བཞིན་དུ་བྱེད་ཀྱི་མ་རེད། དེ་མ་ཟད་ལས་འབྲས་རྣམ་གཞག་ཤེས་པ་དང་མ་ཤེས་པར་ཁྱད་པར་ཞེ་དྲག་མེད་པ་འདྲ་བོ་ཞིག་ཆགས་འགྲོ་ཡི་རེད། དེ་འདྲ་ཡིན་དུས་ང་ཚོ་ལ་དད་པ་དང་ཡིད་ཆེས་ཡོད་མེད་ཀྱི་ཆ་ནས་ཆོས་ཉམས་ལེན་བྱེད་སྟངས་ལ་ཁྱད་པར་ཆེན་པོ་ཞེ་དྲག་འགྲོ་ཡི་རེད།

སྤྱིར་བཏང་དད་པ་ལ་དབྱེ་གཞི་དང་དབྱེ་བ་མང་པོ་ཡོད་རེད། ཡིན་ན་ཡང་། གོང་དུ་ཞུས་པའི་དང་བའི་དད་པ། འདོད་པའི་དད་པ། ཡིད་ཆེས་པའི་དད་པ་གསུམ་པོ་དེའི་ནང་དུ་མ་འདུས་པ་ཞིག་མེད་པ་རེད་གསུངས་པ་རེད། འོ་ན་དད་པ་གསུམ་པོ་དེ་ངོས་འཛིན་ཚུལ་གང་འདྲ་རེད་ཟེར་ཞུས་པ་ན། དྭགས་པོ་རིན་པོ་ཆེའི་ཚོགས་མཆོད་ཆེན་མོ་ཟེར་ཡ་དེའི་ནང་ལོགས་ནས་ག་རེ་གསུང་ཡོད་རེད་ཟེར་ན། ད་དོན་དག་རྡོག་རྡོག་འདྲ་བོ་མར་ཞུ་ཡ་ཡིན་གདའ། དང་བའི་དད་པ་དེ་གང་འདྲ་ཞིག་ལ་གསུང་ཡོད་རེད་ཟེར་ན། དཔེར་ན་བླ་མ་དགེ་བའི་བཤེས་གཉེན་དེ་འདྲ་ཞལ་མཇལ་བ་ཙམ་དང་གསུང་ཐོས་པ་ཙམ། ཡང་ན་རྟེན་ཁྱད་པར་ཅན། དཔེར་ན་ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེ་རྟེན་ཁྱད་པར་ཅན། གནས་ཁྱད་པར་ཅན་རྡོ་རྗེ་གདན་ལྟ་བུ་ལ་ཕྱིན་པའི་སྐབས་སུ་ལུས་ཀྱི་བ་སྤུ་ལྡང་ཡ། མིག་ནས་མཆི་མ་འཁྲུགས་ཡ། དེ་འདྲ་བའི་དད་པ་ཞིག་ཡོང་གི་རེད། དེ་ལ་དང་བའི་དད་པ་ལབ་ཀྱིན་ཡོད་རེད། གཉིས་པ་ཡིད་ཆེས་པའི་དད་པ་ཟེར་ཡ་དེ། སངས་རྒྱས་ཀྱི་བཀའ་རྒྱས་བསྡུས་གང་འདྲ་ཞིག་ཡིན་པ་ཡིན་ན་ཡང་། དེ་ལ་ཐེ་ཚོམ་མི་ཟ་བ་སངས་རྒྱས་ཀྱིས་གསུངས་པ་དེ་ག་རང་རེད་བསམ་བསམ་དེ་འདྲ་བ། སོ་སོའི་དེ་ཙམ་མགོ་མ་ཚོས་པ་ཡིན་ན་ཡང་། སངས་རྒྱས་ཀྱིས་གསུངས་པ་ལ་ཡིད་ཆེས་བྱས་ནས་སངས་རྒྱས་ཀྱིས་གསུངས་པ་དེ་རང་རེད་སྙམ་པའི་ཡིད་ཆེས་བྱེད་ཡ་དེ་ལ་ཡིད་ཆེས་པའི་དད་པ་ཞེས་ལབ་ཀྱིན་ཡོད་རེད། འདོད་པའི་དད་པ་སོ་སོའི་ཉམས་ལེན་ཆེ་ཆུང་གང་འདྲ་ཞིག་བྱས་པ་ཡིན་ན་ཡང་། ཉམས་ལེན་དེ་བྱས་པས་འབྲས་བུ་མྱུར་དུ་བྱུང་གི་རེད་བསམ་བསམ་དང་། མཐོ་རིས་དང་ཐར་པའི་བདེ་བ་ཐོབ་ཀྱི་རེད་བསམ་བསམ་འདྲ་བོ་ཞིག་དང་། དེ་ག་ནང་བཞིན་ཉམས་ལེན་འདི་བྱས་པ་ལ་བརྟེན་ནས་ཡོན་ཏན་འདི་ངེས་པར་ཐོབ་ཀྱི་བསམ་བསམ་འདྲ་བོ། དེ་འདྲ་བའི་འབྲས་བུ་དོན་དུ་གཉེར་ཡ་ཡི་དད་པ་དང་། ཡིད་ཆེས་ཤིག་ཡོད་པ་ཡིན་ན། དེ་ལ་འདོད་པའི་དད་པ་ལབ་ཀྱིན་ཡོད་རེད། དེ་ཡང་དད་པ་རྣམ་པ་གསུམ་པོ་དེ་བླ་མའམ་དགེ་བའི་བཤེས་གཉེན་གཅིག་ལ་དད་པ་གསུམ་པོ་དེ་སྐྱེ་ཚུལ་ཡོད་རེད་བ་ཟེར་ན། སྐྱེ་ཚུལ་ཡོད་རེད། དཔེར་ཆ་བཞག་ན། བླ་མའི་སྐུ་མཇལ་བ་ལ་བརྟེན་ནས་དང་བའི་དད་པ་སྐྱེ་ཡ། བླ་མའི་གསུང་ལ་ཡིད་ཆེས་པའི་དད་པ་སྐྱེ་ཡ། བླ་མའི་ཐུགས་རྒྱུད་ཀྱི་ཡོན་ཏན་ལ་འདོད་པའི་དད་པ་སྐྱེ་ཡ་དེ་འདྲ་ཡོང་གི་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་གང་ཟག་གཅིག་ལ་དད་པ་གསུམ་པོ་དེ་སྐྱེ་ཚུལ་དེ་འདྲ་ཡིན་པ་རེད།

བཀའ་བརྒྱུད་གོང་མ་རྣམ་པ་ཚོས། མོས་གུས་སྒོམ་གྱི་མགོ་བོར་གསུངས་བྱས་ནས། མོས་གུས་དེ་གལ་ཆེན་པོ་ཞེ་བོ་རེད་ཅེས་གསུངས་ཡོད་རེད་བ། མོས་གུས་ཟེར་ཡ་དེ་ཡང་དོན་དུ་དད་པ་འདྲ་བོ་ཞིག་ཆགས་བསྡད་ཡོད་རེད། དེ་ཡང་རྒྱལ་དབང་མི་བསྐྱོད་རྡོ་རྗེའི་འབྲི་གུང་དགོངས་གཅིག་གི་འགྲེལ་བའི་ནང་ལོགས་ལ་ག་རེ་གསུངས་ཡོད་རེད་ཟེར་ན། དོན་དག་རྡོག་རྡོག་འདྲ་བོ་ཞིག་ཞུས་ན། མོས་གུས་ཟེར་ཡ་དེ་གདམས་ངག་པའི་སྐད་དོད་ཟེར་ན་ཡང་འདྲ། གདམས་ངག་པ་དེ་ཚོས་བེད་སྤྱོད་བྱེད་ཡ་ཡི་ཐ་སྙད་ཅིག་ཆགས་བསྡད་ཡོད་རེད། གསུང་རབ་ཀྱི་ནང་ལོགས་སུ་དེའི་ཚབ་ལ་དད་པ་ཞེས་གསུང་གི་ཡོད་རེད། དད་པ་དེ་ཡང་འདོད་པའི་དད་པ་དགོས་ཡ་དེ་གལ་ཆེན་པོ་རེད། འདོད་པའི་དད་པ་མེད་པ་ཡིན་ན། འདོད་པ་དད་པ་ཟེར་ཡ་དེ་འབྲས་བུ་ལ་དོན་གཉེར་བྱེད་ཡ་རེད་བ། འབྲས་བུ་དོན་དུ་གཉེར་བའི་དད་པ་མེད་པ་ཡིན་ན། དད་པ་གཞན་དག་གི་དད་པ་ཡོད་པ་གོ་ཆོད་ཀྱི་མ་རེད་ཟེར། དེ་འདྲ་ཡིན་དུས་ཙ་ནས་མོས་གུས་ཟེར་ཡ་དེ་ལ། མོས་པ་ཟེར་ཡ་ཞིག་དང་གུས་པ་ཟེར་ཡ་ཡི་ཚིག་གཉིས་ལས་གྲུབ་བསྡད་པ་ཆགས་ཀྱི་ཡོད་རེད་ཟེར། མོས་པ་ཟེར་ཡ་དེ་གང་འདྲ་ཞིག་ལ་ཟེར་གྱི་ཡོད་རེད་ཟེར་ན། བླ་མ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཡ་འདོད་པའི་བློ་མི་བཟོད་པ་ཞིག་སྐྱེས་སོང་ན། དེ་ལ་མོས་པ་ལབ་ཀྱིན་ཡོད་རེད། གུས་པ་ཟེར་ཡ་དེ་ག་རེ་མཚོན་གྱི་ཡོད་རེད་ཟེར་ན། དེ་འདྲ་བའི་བླ་མ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཡ་དོན་དག་ལ་སྲོག་བློས་གཏོང་དགོས་བྱུང་ན་ཡང་གཏོང་ཐུབ་ཡ་ཡི་སྙིང་སྟོབས་ཡོད་པའམ་ཡང་ན་དེ་འདྲ་བའི་གོ་འཕང་ཐོབ་པའི་ཐབས་དེ་སོ་སོས་གུས་པ་ཆེན་པོའི་སྒོ་ནས་ཉམས་སུ་ལེན་པ་ཡིན་དུས། མོས་གུས་ཟེར་བའི་ཚིག་དེ་བྱུང་བ་རེད་ཟེར། མོས་པ་ཟེར་ཡ་དེ་གཙོ་བོ་བླ་མ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་བློ་མི་བཟོད་པ་དེ་ལ་མོས་པ་ཟེར་གྱི་ཡོད་རེད། གུས་པ་ཟེར་ཡ་དེ། དེ་འདྲ་བའི་གོ་འཕང་དེ་སོ་སོས་གུས་པ་ཆེན་པོའི་སྒོ་ནས་སྲོག་དང་བསྡོས་ནས་གུས་པ་ཆེན་པོའི་སྒོ་ནས་ཉམས་སུ་ལེན། ལག་ལེན་བསྟར། སྒྲུབ་པ་ཉམས་ལེན་བྱེད་ཡ་དེ་ལ་གུས་པ་ཟེར་ལབ་ཀྱི་ཡོད་རེད། བྱས་ཙང་། མོས་གུས་ཟེར་ཡ་དེ་མན་ངག་གི་ཆོས་སྐད་རེད།

དེ་ཡང་དད་པ་གསུམ་གྱི་ནང་ནས་མངོན་འདོད་ཀྱི་དད་པ་ཤས་ཆེ་བ་རེད་གསུངས་ཡོད་རེད། དེ་འདྲ་བའི་དད་པ་མོས་གུས་སྐྱེ་ཚུལ་ཡང་རྒྱལ་དབང་མི་བསྐྱོད་རྡོ་རྗེ་ཡིས་ག་རེ་གསུང་ཡོད་རེད་ཟེར་ན། མོས་གུས་དེ་ཡང་ཐོས་པ་ནས་སྐྱེ་ཡ་ཡོད་རེད། བསམ་པ་ནས་སྐྱེ་ཡ་ཡོད་རེད། སྒོམ་བྱུང་ལས་སྐྱེ་ཡ་ཡོད་རེད། ཡིན་ན་ཡང་སྔ་མ་གཉིས་ཏེ་ཐོས་པ་དང་བསམ་པ་ལས་སྐྱེ་བ་དེ་བརྟན་པོ་ཞེ་དྲག་ཡོད་མ་རེད། མོས་གུས་ལྡོག་ཏུ་མེད་པ་ཟེར་ཡ་དེ་སྒོམ་བྱུང་ཁོ་ན་ལ་བརྟེན་ནས་སྐྱེ་ཡི་རེད་གསུངས་ནས། སྤྱིར་བཏང་ཐོས་བསམ་སྒོམ་གསུམ་ལ་བརྟེན་ནས་མོས་གུས་སྐྱེ་ཡ་ཡོད་ཀྱང་། མོས་གུས་བརྟན་པོ་དེ་གཙོ་བོ་སོ་སོས་སྒྲུབ་པ་ཉམས་ལེན་བྱས་པ་ལ་བརྟེན་ནས་སྐྱེ་ཡི་ཡོད་རེད། སྒྲུབ་པ་ཉམས་ལེན་མ་བྱས་པ་ལ་མོས་གུས་བརྟན་པོ་སྐྱེ་ཡ་ཡོད་མ་རེད། འོ་ན་དེ་འདྲ་བའི་དད་པ་དང་མོས་གུས་དེ་ཉིད་སྐྱེ་ཡ་ཡི་ཐབས་ཤེས་ག་རེ་ཡོད་རེད་ཟེར་ན། རྗེ་སྒམ་པོ་པའི་ཚོགས་མཆོད་ཆེན་མོའི་ནང་ལོགས་ལ་དད་པ་སྐྱེ་བའི་རྒྱུ་བཞི་གསུངས་ཡོད་རེད། དེ་ཞུས་པ་ཡིན་ན་ཕན་ཐོགས་ཡོང་ས་རེད་དྲན་གྱི་འདུག དད་པ་སྐྱེ་བའི་རྒྱུ་བཞི་ནས་དང་པོ་དེ་ང་ཚོས་མདོ་སྡེ་པ་སོགས་པའི་གསུང་རབ་དེ་ཚོ་ལྟ་དགོས་རེད། གསུང་རབ་དེ་ཚོ་ལྟས་པ་ཡིན་ན་དད་པ་སྐྱེ་ཡི་རེད། གསུང་རབ་ལྟ་དུས་ཀྱང་དེ་གམ་ཙམ་ནམ་རྒྱུན་དེབ་ལྟ་བ་ནང་བཞིན་ལྟས་པ་ཡིན་ན་དད་པ་སྐྱེ་ཡ་ཡོད་རེད། བྱས་ཙང་གསུང་རབ་དེ་ཚོ་ཀློག་དུས་དང་པོ་མཆོད་པ་བྱེད། དེ་ལ་གསོལ་བ་བཏབ། དེ་ནས་གསུང་རབ་མདོ་སྡེ་དེ་ཚོ་ཀློག་པ་ཡིན་ན་དད་པ་སྐྱེ་ཡོང་གི་རེད། དཔེར་ན། ང་འདྲ་བོ་ཞིག་ཡིན་ན། སྔོན་མ་མགོན་པོ་མི་འཁྲུགས་པའི་སྐོར་མདོ་དང་། དེ་ག་ནང་བཞིན་གི་གཟུངས་སོགས་མཇལ་ཡ་ཡི་གོ་སྐབས་བྱུང་། དེ་མཇལ་བ་ལ་བརྟེན་ནས་དངོས་གནས་དྲངས་གནས་ཀྱི་མགོན་པོ་མི་འཁྲུགས་པ་ལ་ཐུན་མོང་མ་ཡིན་པའི་དད་པ་སྐྱེ་ཡ་དང་། ཁོང་གི་རྣམ་ཐར་ལ་སློབ་སྦྱོང་བྱེད་དགོས་ས་རེད་བསམ་བསམ་གྱི་སེམས་ཤུགས་སླེབས་ཡ་འདྲ་བོ་ཡོང་གི་འདུག བྱས་ཙང་། མདོ་སྡེ་གཅིག་པུ་མ་ཡིན་པ་གསུང་རབ། རྣམ་ཐར་ལ་བརྟེན་ནས་དད་པ་སྐྱེ་ཡ་ཡོད། ལྷག་པར་དུ་མི་མང་པོ་ཞིག་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་མཇལ་ནས་བློ་ཆོས་སུ་ཁུག་པ་ཡིན་གསུང་མཁན་པོ་འདུག དེའི་རྒྱུ་མཚན་ལ་བརྟེན་ནས། ང་རང་ཚོས་མདོ་སྡེ་དང་། གསུང་རབ། རྣམ་ཐར་དེ་ཚོ་མཇལ་བ་ཡིན་ན་དད་པ་སྐྱེ་ཡོང་གི་རེད། དད་པ་སྐྱེ་བའི་རྒྱུ་གཉིས་པ་དེ་ག་རེད་ཟེར་ན། གྲོགས་དད་པ་ཅན་དང་འགྲོགས་ཡ་དེ་གལ་ཆེན་པོ་རེད། དད་པ་ཡོད་མཁན་གྱི་མི་མཉམ་དུ་འགྲོག་ཡ་དང་དད་པ་ཡོད་མཁན་གྱི་མི་དང་མཉམ་དུ་སྡོད་ཡ་དེ་གལ་ཆེན་པོ་རེད། དད་པ་ཡོད་མཁན་གྱི་མི་དང་མཉམ་དུ་བསྡད་པ་ཡིན་ན། ཁོ་ལ་དད་པ་སྐྱེ་ཡོང་གི་རེད། དཔེར་ན་རམ་དང་འགྲོག་ན་སྔོན་པོ་ཆགས་འགྲོ་ཡི་རེད། བཙག་དང་འགྲོག་ན་དམར་པོ་ཆགས་འགྲོ་ཡི་རེད། རམ་ཟེར་ཡ་དེ་ཚོན་སྔོན་པོ་གཏོང་ཡ་ཡི་རྒྱུ་ཆ་ཞིག་རེད། བཙག་ཟེེར་ཡ་དེ་ཚོན་དམར་པོ་གཏོང་ཡ་ཡི་རྒྱུ་ཆ་ཞིག་རེད། བྱས་ཙམ་རམ་དང་འགྲོགས་པ་ཡིན་ན། སྔོན་པོ་ཆགས་འགྲོ་ཡི་རེད། བཙག་དང་འགྲོག་ན་དམར་པོ་ཆགས་འགྲོ་ཡི་རེད། གྲོགས་དད་པ་ཅན་དང་འགྲོགས་པ་ཡིན་ན་སོ་སོ་དད་པ་ཡོད་མཁན་ཞིག་ཆགས་འགྲོ་ཡི་རེད། མི་དད་པ་མེད་མཁན། དད་ལོག་ཅན་དང་མཉམ་དུ་ཡུན་རིང་པོར་འགྲོགས། རྒྱུན་རིང་པོ་གཤིབ་ནས་བསྡད་པ་ཡིན་ན། སོ་སོ་ཡང་དད་པ་མེད་མཁན་ཆགས་འགྲོ་ཡི་རེད། དེས་ན་གྲོགས་པ་དད་པ་ཅན་དང་འགྲོག་ཡ་དེ་གལ་ཆེན་པོ་རེད་གསུངས་པ་རེད།

གསུམ་པ་དེ་བླ་མ་དམ་པ་དགེ་བའི་བཤེས་གཉེན་བསྟེན་ཡ་དེ་གལ་ཆེན་པོ་རེད། དེ་བསྟེན་པ་ཡིན་ན་དད་པ་སྐྱེ་ཡི་རེད། དེ་ཡང་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་བསྟེན་པ་ཡིན་ན་། དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་དེས་ཚོས་གང་དང་ཡང་མ་འགལ་བར་ཆོས་ཉམས་སུ་ལེན་ཤེས་ཀྱི་རེད། དེ་དང་མཉམ་དུ་འགྲོགས་པ་ཡིན་ན། ཆོས་གང་ལ་ཡང་སྐུར་བ་མི་བཏབ་པ། གྲུབ་མཐའ་གང་ལ་ཡང་ཆགས་སྡང་མི་བྱེད་པ་ཡོང་། གཞན་མ་གཏོགས་ཆགས་སྡང་ཆེན་པོ་ཡོད་མཁན་དང་། ཕྱོགས་རིས་ཆེན་པོ་ཡོད་མཁན་གྱི་བླ་མ་དང་མཉམ་དུ་བསྡད་པ་ཡིན་ན། སློབ་མ་དེ་ཡང་ཕྱོགས་རིས་དང་ཆགས་སྡང་ཆེན་པོ་ཡོད་བསྡད་མཁན་ཆགས་འགྲོ་ཡི་ཡོད་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་བླ་མ་དམ་པ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་བསྟེན་པ་ཡིན་ན། དད་པ་ཕྱོགས་མེད་དུ་སྐྱེ་ཡ་དེ་འདྲ་བའི་ཕན་ཐོགས་ཡོང་གི་རེད།

བཞི་པ་དེ་འཆི་བ་མི་རྟག་པ་སྒོམ་ན་དད་པ་སྐྱེ་ཡི་རེད། ལས་རྒྱུ་འབྲས་ལ་བརྟེན་ནས་དད་པ་སྐྱེ་ཟེར་ཡ་དེ་ཏོག་ཙམ་དཀའ་ལས་ཁག་པོ་ཡོད་རེད། ཡིན་ན་ཡང་འཆི་བ་མི་རྟག་པ་ལ་བརྟེན་ནས་དད་པ་སྐྱེ་ཡ་ལས་སླ་བ་ཡོད་རེད། གང་ཡིན་ཟེར་ན། འཆི་བ་མི་རྟག་པ་ཡོང་གི་ཡོད་པ་དེ། ང་རང་ཚོས་མིག་མཐོང་ལག་ཟིན་ཡོང་ཐུབ་ཀྱི་ཡོད་རེད། ད་ནང་ཡོད་པ་ད་ལྟ་ཤི་བསྡད་པ་ལ། ན་ནིང་ཡོད་པ་ད་ལོ་ཤི་བསྡད་པ། ཟླ་བ་སྔ་མ་ཡོད་པ་ཟླ་བ་ཕྱི་མ་ཤི་བསྡད་པ་དེ་འདྲ་བ་མིག་མཐོང་ལག་ཟིན་ཡོང་བསྡད་ཀྱི་ཡོད་རེད། མིག་མཐོང་ལག་ཟིན་ཡོང་གིན་ཡོད་པར་བརྟེན་བྱས་ནས། གལ་སྲིད་འཆི་བ་མི་རྟག་པ་ལ་ང་རང་ཚོས་ཏོག་ཙམ་དོ་སྣང་བྱས། དེ་ལ་བསམ་བློ་བཏང་། དེ་ལ་སྒོམ་ཉམས་ལེན་བྱས་པ་ཡིན་ན། ནམ་འཆི་ཆ་མེད། ཚེ་ལ་ལོང་མེད། མྱུར་དུ་འཆི་ཡི་ཡོད་པ། མྱུར་དུ་མི་རྟག་པ་ཡིན་པ། དེ་འདྲ་བའི་གོ་བ་སྐྱེ་བ་ལས་སླ་པོ་ཡོད་རེད། དེ་སྐྱེས་སོང་ན་དེ་ལ་བརྟེན་ནས་འཆི་བ་མི་རྟག་པ་རེད་བསམ་ནས་ཡིད་ཆེས་སྐྱེ་ཡ་ཡོང་གི་ཡོད་རེད། དེའི་བརྒྱུད་ནས་དད་པ་ངང་གིས་འཕེལ་ཡ་ཡོང་གི་ཡོད། བྱས་ཙང་དད་པ་སྐྱེ་ཡ་ཡི་ཐབས་ཤེས་བཞི་དེ་རྗེ་སྒམ་པོ་པས་གསུངས་ཡིན་པ་རེད། དེ་ག་ནང་བཞིན་གི་ཐུགས་རྗེ་ཆེན་པོའི་ནང་དུ་དད་པ་སྐྱེས་པའི་ཚད་ཟེར་ཡ་ཞིག་གསུངས་ཡོད་རེད། དེ་ག་ནང་བཞིན་རྗེ་སྒམ་པོ་པས་ཚོགས་མཆོད་ཆེན་པོའི་ནང་དུ་དད་པ་སྐྱེ་པའི་ཚད་གསུང་ཡོད་རེད། དད་པ་སྐྱེ་པའི་ཚདདེ། དཔེར་ན། འཆི་བ་མི་རྟག་པ་རྒྱུད་ལ་ཡག་པོ་སྐྱེ་སོང་། འཆི་བ་མི་རྟག་པ་ལ་ཡིད་ཆེས་སོང་ན། འཇིག་རྟེན་འདི་ཡི་མངོན་པར་ཞེན་པ་མང་པོ་ཞིག་ལ་བློ་ལྡོག་འགྲོ་ཡི་རེད། ལས་རྒྱུ་འབྲས་ལ་དངོས་གནས་དྲངས་གནས་ཡིད་ཆེས་སོང་ན། དགེ་སྡིག་སྤང་བླང་ལ་འཛེམས་ཀྱི་རེད། དེ་ག་ནང་བཞིན་བསགས་སྦྱང་ལ་བརྩོན་གྱི་རེད། བྱ་རྒྱུ་ཆོས་ལས་མེད་པ། བསམ་རྒྱུ་ཆོས་ལས་མེད་པ་ཞིག་ཡོང་གི་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་དད་པ་སྐྱེ་ཡ་ཡི་ཐབས་ཤེས་དང་དད་པ་སྐྱེ་སོང་ན་སྐྱེས་པའི་ཚད་དེ་ཚོ་མདོར་བསྡུས་ཞུས་ཟིན་པ་ཡིན།

གཉིས་པ། ཆོས་གཉིས་པ་ཤེས་རབ་ཞུ་ཡ་ཡིན་གདའ། ཆོས་རྗེ་དུས་གསུམ་མཁྱེན་པས་ཆོས་དྲུག་གསུངས་པའི་ནང་ལས་དད་པ་གསུངས་པའི་རྗེས་སུ། གལ་ཆེན་ཤོས་ཨང་གི་གཉིས་པ་འདྲ་བོ་དེ་ཤེས་རབ་རེད་གསུངས་པ་རེད། དེ་ཡང་ཤེས་རབ་གལ་ཆེ་བའི་རྒྱུ་མཚན་དེ། དུས་གསུམ་མཁྱེན་པའི་ཚོགས་མཆོད་ཆོས་སྒྲུབ་མའི་ནང་ལོགས་ལ་ག་རེད་གསུངས་ཡོད་རེད་ཟེར་ན། དད་པ་ཡོད་ཀྱང་ཤེས་རབ་མེད་ན་ཅང་མི་ཡོང་བས་ཤེས་རབ་དེ་ཤིན་ཏུ་གལ་ཆེ། མཚན་ཉིད་པས་དབང་པོ་བརྟུལ་པོ་དད་པའི་རྗེས་སུ་འབྲངས་ལ། ཤེས་རབ་མེད་ན་ཆོས་བཤད་འདོད་ཀྱང་མེད། བྱེད་རྒྱུ་ཕྱིན་ཅི་མ་ལོག་པ་ཞིག་འདི་ཡིན་སྙམ་པའང་དཀའ་བར་སྣང་གསུང། ལོག་པའི་དགེ་བའི་བཤེས་གཉེན་གྱིས་མགོ་བསྐོར་བ་ལའང་ཚེགས་མེད་གསུང། དེའི་དོན་དག་ག་རེད་ཟེར་ན། ཆོས་རྗེ་དུས་གསུམ་མཁྱེན་པས་གསུངས་པ་ཡིན་ན། དད་པ་ཡོད་པ་ཡིན་ན་ཡང་། དེ་དང་མཉམ་དུ་ཤེས་རབ་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། དེ་ཡང་རྒྱུ་མཚན་གྱི་སྒོ་ནས་སྒྲུབ། ལུང་གི་སྒོ་ནས་སྒྲུབ་མཛད་ནས། ལུང་དང་རིགས་པ་གཉིས་ཀའི་སྒོ་ནས་བསྒྲུབས་པ་ཡོད་རེད། དང་པོ་རྒྱུ་མཚན་གྱི་སྒོ་ནས་སྒྲུབ་པ་དེ་ལ། རྒྱུ་མཚན་མི་འདྲ་བ་བཞི་གསུང་འདུག རྒྱུ་མཚན་དང་པོ་དེ་གསུང་རབ་ཀྱི་ནང་ལོགས་ལ་དད་པ་གཅིག་པུ་ཡོད་པ་དང། ཡང་ན་དད་པ་དང་ཤེས་གཉིས་ཀ་ཡོད་པ་གཉིས་ག་རེ་རྩ་ཆེ་ཡི་རེད་ཟེར་ན། དད་པ་གཅིག་པུ་ཡོད་པ་ལས། དད་པ་དང་ཤེས་རབ་གཉིས་ཀ་ཡོད་པ་དེ་གལ་ཆེན་གྱི་རེད། སྤྱིར་བཏང་དད་པ་ཡོད་པ་དེ་གལ་ཆེན་པོ་ཞེ་བོ་ཆགས་བསྡད་ཡོད་རེད། ཡིན་ན་ཡང་ཤེས་རབ་མེད་པ་ཡིན་ན་སྐྱོན་ཡོད་རེད། སྐྱོན་ག་རེ་ཡོད་རེད་ན། དཔེར་ན་གསུང་རབ་དེ་ཚོ་ནང་ལོགས་ལ་དབང་པོ་བརྟུལ་པོ་དད་པའི་རྗེས་སུ་འབྲང་བ་གསུངས་ཡོད་རེད། དེ་འདྲ་ཡིན་ཙང་གཞུང་ཤེས་མཁན་མཚན་ཉིད་པ་དེ་ཚོས་ཁྱེད་རང་དབང་པོ་བརྟུལ་པོ་དད་པའི་རྗེས་སུ་འབྲང་བ་རེད་ཟེར་ནས་བཤད་ཀྱི་རེད། དེང་སང་གི་བཤད་སྟངས་འདྲ་བོ་བྱས་པ་ཡིན་ན་མི་ཚོས་རྨོངས་དད་རེད་ཟེར་ནས་ཏོག་ཙམ་མཐོང་ཆུང་བྱེད་སྲིད་ཀྱི་རེད། གལ་སྲིད་དད་པ་ཡོད་པའི་སྟེང་དུ་ཤེས་རབ་ཡོད་པ་ཡིན་ན། གསུང་རབ་ཀྱི་སྐད་དུ་བྱས་ནས་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞེས་བསྔགས་བརྗོད་བྱེད་སའི་ཡུལ་ཆགས་འགྲོ་ཡི་ཡོད་རེད། དེ་འདྲ་ཡིན་དུས་དད་པ་ཡོད་ཡ་དེ་གལ་ཆེན་པོ་ཞེ་བོ་ཆགས་བསྡད་ཡོད་རེད། ཡིན་ན་ཡང་དད་པ་ཡོད་པ་གཅིག་པོས་མི་འགྲིགས་པ། དད་པ་དང་ཤེས་རབ་གཉིས་ཀ་ཡོད་དགོས་པ་དེ། དེ་བས་ཀྱང་གལ་ཆེན་པོ་ཡིན་པ་གསུང་ཡོད་པ་རེད།

རྒྱུ་མཚན་གཉིས་པ་དེ་ཤེས་རབ་མེད་པ་ཡིན་ན་ཆོས་བཤད་འདོད་ཀྱང་མེད་ཟེར་ཡ་དེ་ལ། ངས་བསམ་ན་དེ་ལ་གོ་ལེན་སྟངས་འདྲ་བོ་གཉིས་འདུག་བསམ་གྱི་འདུག ཆོས་བཤད་འདོད་ཀྱང་མེད་ཟེར་གཅིག ཆོས་བཤད་འདོད་ཡོད་མ་རེད་ཟེར་ཡ་གཅིག་དང་། ཆོས་བཤད་འདོད་ཀྱང་མེད་ཅེས་པའི་གོ་བ་ལེན་པ་ཡིན་ན། གལ་སྲིད་ཤེས་རབ་མེད་པ་ཡིན་ན། ཆོས་ཉན་མཁན་ཉན་མ་ཤེས། ཆོས་བཤད་མཁན་གྱིས་བཤད་འདོད་ཡོད་པ་ཡིན་ན་ཡང་བཤད་མ་ཤེས་པ་དེ་འདྲ་ཡོང་གི་རེད་ཟེར་བ་འདྲ་བོ། དེ་འདྲ་ཞིག་གོ་བ་ལེན་ཡ་ཡོད་ས་རེད། བྱས་ཙང་ཆོས་བཤད་འདོད་ཀྱང་མེད་ཟེར་ཡ་དེ། གཅིག་བྱས་པ་ཡིན་ན་ཆོས་བཤད་འདོད་པ་ཡིན་ན་ཡང་བཤད་ཤེས་ཀྱི་མ་རེད་ཟེར་ཡ་འདྲ་བོ་དེ་མིན་འགྲོ་བསམ་བསམ་ཞིག་མ་གཏོགས་པའི་གཞན། ཆོས་བཤད་འདོད་ཀྱང་མེད་ཟེར་ཡ་དེ་ཆོས་བཤད་ཡ་ཡི་འདོད་པ་ཡོད་མ་རེད་ཟེར་ཡ་དེ་ཡིན་ས་མ་རེད་བསམ་སོང་། ང་རང་གིས་གོ་བ་ལེན་སྟངས་གཅིག་ཡིན།

རྒྱུ་མཚན་གསུམ་པ་དེ་ཤེས་རབ་མེད་པ་ཡིན་ན། ཡང་བྱ་བ་ཕྱིན་ཅི་མ་ལོག་པ་དོན་དང་ལྡན་པ་ཞིག་སྒྲུབ་དགོས་བསམ་པ་ཡིན་ན་ཡང་། བྱ་བ་དེ་དངོས་སུ་སྒྲུབ་པའི་སྐབས་སུ་བྱེད་སྟངས་བྱེད་ལུགས་མ་ཤེས་ནས། བྱེད་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་འགྱུར་ཡ་ཡི་ཉེན་ཁ་ཡོད་རེད། དེའི་རྒྱུ་མཚན་ལ་བརྟེན་ནས། ཤེས་རབ་ཡོད་དགོས་ཡ་དེ་གལ་ཆེན་པོ་རེད།

རྒྱུ་མཚན་བཞི་པ་དེ་གལ་སྲིད་ཆོས་ལ་དད་པ་ཡིན་ན་ཡང་རང་ཉིད་ལ་ཆོས་ཀྱི་སློབ་སྦྱོང་དང་ཆོས་ལ་རྒྱུས་ཏོག་ཙམ་མེད་པ་ཡིན་ན། སྔོན་ལ་བླ་མ་དགེ་བའི་བཤེས་གཉེན་ཚད་ལྡན་ཞིག་འཚོལ་དགོས་བསམ་པ་ཡིན་ན་ཡང་། བླ་མ་དགེ་བའི་དགེ་བའི་བཤེས་གཉེན་ཟེར་ཡ་དེ་གང་འདྲ་ཞིག་ལ་ལབ་ཀྱི་ཡོད་པ་ངོས་མ་ཟིན་པ་བྱས། དེའི་བར་དུ་ལོག་པའི་བཤེས་གཉེན་ཞིག་ཐུག །དེས་ལས་སླ་བོའི་སྒོ་ནས་མགོ་བསྐོར་བསླུ་བྲིད་གཏོང་ཡ་ཡི་ཉེན་ཁ་ཡོད་རེད། དེའི་རྒྱུ་མཚན་ལ་བརྟེན་ནས། ང་ཚོས་དད་པ་ཡོད་པ་གཅིག་པོས་འགྲིགས་ཀྱི་མེད་པ། ཆོས་ལ་ཏོག་ཙམ་སློབ་སྦྱོང་ཡོད་པ། ཆོས་ལ་ཏོག་ཙམ་རྒྱུས་ཡོད་པ། ཤེས་རྟོགས་ཡོད་པ་དགོས་ཡ་དེ་གལ་ཆེན་པོ་རེད་གསུང་བ་རེད།
མུ་མཐུད་དུ་ཚོགས་ཆོས་ཆོས་སྒྲུབ་མའི་ནང་ལོགས་ལ་ག་རེད་གསུངས་ཡོད་རེད་ཟེར་ན། དེས་ན་སློབ་དཔོན་བློ་གྲོས་མི་ཟད་པས། ཡན་ལག་འདི་དག་ཐམས་ཅད་ནི། ཐུབ་པས་ཤེས་རབ་དོན་དུ་གསུངས། ཞེས་གསུངས་ནས། བསམ་གཏན་དང་བརྩོན་འགྲུས་ཐམས་ཅད་ནི་ཤེས་རབ་བསྐྱེད་པའི་རྒྱུར་བཤད། གསུངས། ཤེས་རབ་གལ་ཆེན་པོ་ཡིན་པ་དེ་རྒྱུ་མཚན་གྱི་སྒོ་ནས་བསྒྲུབས་ཟིན་ནས། ལུང་གི་སྒོ་ནས་སྒྲུབ་གནང་གིན་ཡོད་རེད། ལུང་གི་སྒོ་ནས་བསྒྲུབ་ཡ་དེ་ལ། དང་པོ་སློབ་དཔོན་བློ་གྲོས་མི་ཟད་པའི་ལུང་གཅིག་དྲངས་གནང་བ་འདུག་ག སློབ་དཔོན་བློ་གྲོས་མི་ཟད་པ་ཞུ་ཡ་དེ་དོན་དུ་བྱང་ཆུབ་སེམས་དཔའ་རྒྱལ་སྲས་ཞི་བ་ལྷ་རེད། སློབ་དཔོན་བློ་གྲོས་མི་ཟད་པ་ཟེར་ཡ་དེ་རྒྱལ་སྲས་ཞི་བ་ལྷའི་མཚན་གྱི་རྣམ་གྲངས་ཆགས་བསྡད་ཡོད་རེད། མཚན་གྱི་རྣམ་གྲངས་ཡིན་པའི་རྒྱུ་མཚན་ག་རེད་ཡོད་རེད་ཟེར་ན། རྒྱ་གར་གྱི་སློབ་དཔོན་ཡེ་ཤེས་རྡོ་རྗེ་ཞུ་བ་དེས་མཛད་པའི་དེ་ཉིད་མཐོང་བའི་ལམ་ཟེར་བ་ཞིག་བསྟན་འགྱུར་གྱི་ནང་ལོགས་ལ་བཞུགས་ཡོད་རེད། དེའི་ནང་ལོགས་ལ་ག་རེད་གསུངས་ཡོད་རེད་ཟེར། སློབ་དཔོན་བློ་གྲོས་མི་ཟད་པའི་ཞལ་སྔ་ནས། དོན་དམ་སྒྲ་བློའི་སྤྱོད་ཡུལ་མིན། ། བློ་དང་སྒྲ་ནི་ཀུན་རྫོབ་ཡིན། ། ཞེས་སྤྱོད་འཇུག་གི་ལུང་ཞིག་དྲངས་ཡོད་རེད། ང་ཚོས་ནམ་རྒྱུན་སྤྱོད་འཇུག་གི་འགྱུར་གྱི་ཚིག་ལ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། ། བློ་ནི་ཀུན་རྫོབ་ཡིན་པར་འདོད། །དེ་ཏོག་ཙམ་འགྱུར་མི་འདྲ་བ་རེད་མ་གཏོགས་དོན་དུ་སྤྱོད་འཇུག་གི་ལུང་རེད་འདུག

སྤྱོད་འཇུག་གི་ལུང་དེ་སློབ་དཔོན་བློ་གྲོས་མི་ཟད་པས་མཛད་པ་རེད་གསུངས་འདུག དེ་ག་ནང་བཞིན་གི་དེ་ཉིད་མཐོང་བའི་ལམ་ཞུ་བའི་ཕྱག་དཔེ་དེ་ག་རང་གི་ནང་ལོགས་ལ་ཤེས་རབ་ལེའུ་སློབ་དཔོན་བློ་གྲོས་མི་ཟད་པས་བསྟན་པའོ། ཞེས་སྤྱོད་འཇུག་ཤེས་རབ་ལེའུ་དེ་སློབ་དཔོན་བློ་གྲོས་མི་ཟད་པས་མཛད་པ་གསུངས་འདུག་ག དེ་ཙམ་དུ་མ་ཟད་པ། བསྟན་འགྱུར་གྱི་ནང་ལོགས་ལ་བཞུགས་བསྡད་པའི་སྤྱོད་འཇུག་གི་རྣམ་པར་བཤད་པ་ཞེས་མཛད་བྱང་མེད་བསྡད་ཀྱང་ཞིག་འདུག དེའི་ནང་ལོགས་ལ་སློབ་དཔོན་བློ་གྲོས་མི་ཟད་པས་འཕགས་པ་འཇམ་དཔལ་གྱི་དངོས་གྲུབ་བརྙེས་པའི་བཀའ་ལུང་ཁྱད་དུ་བསད་ནས། སོ་སོ་སྐྱེ་བོ་རང་དགར་སྨྲ་བ་རྣམས་ཀྱི་རྗེས་སུ་འབྲང་བར་བྱ་བ་ནི་ཤིན་ཏུ་རིགས་པ་མ་ཡིན་པས། ཞེས་པ་གསུངས་འདུག་ག། དེས་སློབ་དཔོན་བློ་གྲོས་མི་ཟད་དེ་ཡང་ཕལ་ཆེར་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ལ་གོ་ཡ་ཡིན་པ་ཞིག་གསུང་འདུག་བསམ་བསམ་འདྲ་འདུག བློ་གྲོས་མི་ཟད་པ་ཞུ་ཡ་དེ་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་རེད་གསུངས་པ་གསལ་ཤོས་དེ་བཀའ་གདམས་གླེགས་བམ་ནང་ལོགས་ལ་འཇམ་དཔལ་དབྱངས་དང་བློ་གྲོས་མི་ཟད་པ། ཨེ་ལ་དྲ་རི། དཔའ་བོ་རྡོ་རྗེ་དང་ཞེས་བྱས་ནས་བྱང་སྡོམ་གྱི་བརྒྱུད་པ་གསུང་ཡོང་པའི་སྐབས་ལ། འཇམ་དཔལ་དབྱངས་དང་བློ་གྲོས་མི་ཟད་པ་ཞེས་པ་གསུངས་འདུག བློ་གྲོས་མི་ཟད་པ་ཞེས་པ་ལམ་རིམ་རྩ་རྒྱུད་ཀྱི་བླ་མ་ཚེ་ཕྱོགས་གླེང་གི་ཡོངས་འཛིན་གྱིས་མཛད་བཞག་པ་དེ་ཚོའི་ནང་ལོགས་ལ་བློ་གྲོས་མི་ཟད་པ་ཞེས་པ་དེ་ནི་རྒྱལ་སྲས་ཞི་བ་ལྷའི་མཚན་གྱི་རྣམ་གྲངས་ཡིན་ཞེས་གསལ་པོ་གསུངས་ཡོད་རེད། བྱས་ཙང་བློ་གྲོས་མི་ཟད་པ་ཞུ་ཡ་དེ་བཀའ་གདམས་གོང་མ་དེ་ཚོས་རྒྱལ་སྲས་ཞི་བ་ལྷ་ཡི་མཚན་ལ་བེད་ཆོད་མང་པོ་བཏང་གི་ཡོད་ས་རེད། འོ་ན་རྒྱལ་སྲས་ཞི་བ་ལྷ་ལ་བློ་གྲོས་མི་ཟད་པ་ཞེས་མཚན་ཐོག་ཚུལ་གང་འདྲ་རེད་ཞུས་པ་ཡིན་ན། དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་ཆེན་ནང་ལོགས་ལ་ཚིགས་བཅད་འདི་འདྲ་ཞིག་ཡོད་རེད།

མཁས་པའི་པན་ཆེན་ཁྲི་ཕྲག་བརྒྱ་སྟོང་བཅས། །སྐྱེ་བོའི་འཁོར་ཚོགས་རྒྱ་མཚོ་ཟིལ་གནོན་སྟེ། ། སྔོན་མེད་བྱང་ཆུབ་སྤྱོད་གཞུང་བཀའ་བསྩལ་ཚེ། ། བློ་གྲོས་མི་ཟད་གཏེར་ཞེས་བསྔགས་དེར་འདུད། ། ཆོས་ཀྱི་ཁྲི་མཐོན་པོ་བརྩེགས་བྱས་ནས། མདོ་འདོན་པའི་དུས་ལ་སླེབས་པའི་ཚེ་ལ་རྒྱལ་སྲས་ཞི་བ་ལྷ་ལས་ནམ་རྒྱུན་བྷུ་སུ་ཀུའི་སྤྱོད་པ་འདྲ་གནང་བསྡད་ཀྱི་ཡོད་ཙང་། ཁོང་གིས་ཆོས་བཤད་ཤེས་ཀྱི་མ་རེད་བསམ་བྱས་ཁྲི་མཐོ་ཐག་ཆོད་ཅིག་བརྩིགས་ནས་བཞག་དུས། ཁོང་རྫུ་འཕྲུལ་གྱིས་ཁྲི་དེའི་སྒང་ལ་ཕེབས་བྱས། བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ་གསུང་ཡོང་དུས། སྐབས་དེར་འཛོམས་ཡོད་པའི་མཁས་པ་པན་ཌི་ཏ་དེ་ཚོས་ཁོང་བློ་གྲོས་མི་ཟད་པའི་བསྟོད་པའི་མདོ་ཟེར་ནས་བསྔགས་པ་བརྗོད་པ་ཡིན་ཙང་། དེའི་རྒྱུ་མཚན་ལ་བརྟེན་ནས་བློ་གྲོས་མི་ཟད་པ་བྱས་ནས་མཚན་ཐོགས་པ་རེད་གསུངས་ཞག མདོར་ན་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ལུང་དྲངས་གནང་ནས། ཡན་ལག་འདི་དག་ཐམས་ཅད་ནི། ། ཐུབ་པས་ཤེས་རབ་དོན་དུ་གསུངས། ། ཞེས་པ་དེ་གསུངས་ཡིན་པ་རེད། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་གསུངས་པ་ཡིན་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོའི་ཆོས་གསུང་ཡིན་པ་རེད། ཐེག་པ་ཆུང་ངུའི་ཆོས་ཐམས་ཅད་ཀྱང་ཐེག་པ་ཆེན་པོས་ཆོས་ཀྱིས་ནང་ལོགས་ལ་མ་བསྡུས་པ་ཡོད་མ་རེད། ཐེག་པ་ཆེན་པོའི་ཉམས་སུ་ལེན་ཚུལ་ཐམས་ཅད་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་དུ་མ་བསྡུས་པ་ཡོད་མ་རེད། ཕ་རོལ་ཏུ་པ་དྲུག་གི་ནང་ནས་ཀྱང་གལ་ཆེ་ཤོས་དེ་ཤེས་རབ་རེད། ཤེས་རབ་ཡིན་པའི་རྒྱུ་མཚན་དེ་ག་རེ་ཟེར་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་བདག་མེད་པ་དང་ཆོས་ཀྱི་གནས་ལུགས་རྟོགས་ནས་ཐོབ་དགོས་རེད་མ་གཏོགས་པས། དད་པ་ཡིད་ཆེས་ཙམ་གྱིས་ཐོབ་ཐུབ་ཀྱི་ཡོད་མ་རེད། གནས་ལུགས་རྟོགས་དགོས་རེད། གནས་ལུགས་རྟོགས་པ་ཡིན་ན་འཕགས་པའི་གོ་འཕང་ཐོབ་ཐུབ་ཀྱི་རེད། དེ་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཐུབ་ཀྱི་རེད། གནས་ལུགས་རྟོགས་པ་ལ་ཤེས་རབ་དགོས་ཀྱི་ཡོད་རེད། ཤེས་རབ་མེད་པ་ཡིན་ན་གནས་ལུགས་རྟོགས་ཐུབ་ཀྱི་ཡོད་མ་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་ཤེས་རབ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། ཕ་རོལ་ཏུ་ཕྱིན་པ་གཞན་དེ་དག་ཐམས་ཅད་ཤེས་རབ་དེ་ལྟ་བུ་ཞིག་སྐྱེས་པའི་ཐབས་སུ་གསུངས་པ་རེད། དཔེར་ན་སྦྱིན་པ་མ་བཏང་ན། ལོངས་སྤྱོད་ལ་ཆགས་བསོད་ནམས་ཀྱི་ཚོགས་གསོག་ཐུབ་ཀྱིན་ཡོད་མ་རེད། དེ་གསོག་མ་ཐུབ་པ་ཡིན་ན་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེ་ཐུབ་ཀྱི་ཡོད་མ་རེད། ཚུལ་ཁྲིམས་མ་བསྲུངས་པ་ཡིན་ན། ཐོ་རིས་ལྷ་དང་མི་ཡི་ལུས་རྟེན་ཐོབ་ཐུབ་ཀྱི་མ་རེད། དེ་ཐོབ་མ་ཐུབ་པ་ཡིན་ན་ཤེས་རབ་སྐྱེ་བའི་གོ་སྐབས་ཡོད་མ་རེད། དེ་ག་ནང་བཞིན་བཟོད་པ་མ་བསྒོམས་པ་ཡིན་ན་སེམས་ཞི་བར་གནས་ཐུབ་ཀྱི་མ་རེད། སེམས་ཞི་བར་གནས་མ་ཐུབ་པ་ཡིན་ན་ཤེས་རབ་ཁྱད་པར་ཅན་སྐྱེ་ཐུབ་ཀྱིན་མ་རེད། དེ་ག་ནང་བཞིན་བསམ་གཏན་དང་བརྩོན་འགྲུས་ལ་སོགས་པ་དེ་ཐམས་ཅད་ཀྱང་དེ་ནང་བཞིན་རེད། ཐོས་བསམ་སྒོམ་གསུམ་ལ་དཔེ་དཀའ་སྤྱོད་འབད་བརྩོན་བྱེད་མ་ཐུབ་པ་ཡིན་ན་ཤེས་རབ་སྐྱེ་ཐུབ་ཀྱིན་མ་རེད། མཐར་གཏུགས་པ་ཡིན་ན་ཕ་རོལ་ཏུ་ཕྱིན་པ་སྔ་མ་ལྔ་པོ་དེ་ཤེས་རབ་སྐྱེས་པའི་དོན་དུ་གསུངས་པ་རེད། དེས་ག་རེ་མཚོན་གྱི་ཡོད་རེད་ཟེར་ན། ནང་པ་སངས་རྒྱས་པའི་ལུགས་ལ་ཤེས་རབ་ཟེར་ཡ་དེ་ག་ཚོད་གལ་ཆེན་པོ་ཡིན་པ་དེ་རྟོགས་ཐུབ་ཀྱི་ཡོད་རེད།
ད་མུ་མཐུད་ནས་དུས་གསུམ་མཁྱེན་པའི་ཚོགས་མཆོད་ཆོས་དྲུག་མའི་ནང་ལོགས་ལ་ག་རེ་གསུངས་ཡོད་རེད་ཟེར་ན། དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །གསུངས་ནས་འཁོར་བའི་སྡུག་བསྔལ་ཞི་བར་འདོད་པ་ལ་ཡང་ཤེས་རབ་གལ་ཆེ་བར་གསུངས་ཕ་རོལ་ཏུ་ཕྱིན་པ་ནས་ཀྱང་། ཤེས་རབ་ཕ་རོལ་ཕྱིན་ལྔ་འདི་དག་ནི། །དམིགས་སུ་མེད་པར་བྱང་ཆུབ་རེག་པར་ནུས་མ་ཡིན། །གང་ཚེ་ཤེས་རབ་ཀྱིས་ནི་ཡོངས་སུ་ཟིན་གྱུར་པ། །གང་ཚེ་མིག་གི་རྙེད་འགྱུར་ཞིང་དེ་ཡི་མིང་འཐོབ་བོ། །ཞེས་གསུངས་པས། ཤེས་རབ་ཀྱིས་མ་ཟིན་པའི་དགེ་བ་ཅི་བྱས་པ་ཐམས་ཅད་དམུས་ལོང་ལོང་ཁྲིད་དང་བྲལ་བ་འདྲ་སྟེ། བྱང་ཆུབ་ཀྱི་རྒྱུར་མི་འགྲོ་ཕ་རོལ་ཕྱིན་པ་རང་གི་མིང་ཡང་མི་འཐོབ་པར་བཤད་དོ། །ཞེས་གསུངས་འདུག་ག །

དེའི་དོན་དག་རྡོག་རྡོག་དེ་ཞུས་པ་ཡིན་ན། དང་པོ་སྤྱོད་འཇུག་གི་ལུང་དྲངས་བྱས་ནས། སྡུག་བསྔལ་མི་འདོད་ཅིང་བདེ་བར་འདོད་པ་ཡིན་ན་ཤེས་རབ་བསྐྱེད་དགོས་རེད། དེ་ཡང་དཔེར་ན། གནས་སྐབས་ཚེ་འདིའི་བདེ་བ་འདོད་པ་ཡིན་ན་ཡང་འདྲ། མཐར་ཐུག་སྡུག་བསྔལ་རྩ་བ་ནས་སྤངས་གཏན་བདེ་བླ་ན་མེད་པའི་གོ་འཕང་ཐོབ་དགོས་པ་ཡིན་ཡང་འདྲ་ཤེས་རབ་བསྐྱེད་དགོས་ཡ་དེ་གལ་ཆེན་པོ་རེད་གསུངས་པ་རེད།

དེའི་རྗེས་སུ་མདོ་སྡུད་པའི་ཚིག་དྲངས་གནང་བྱས། ཤེས་རབ་མེད་ན་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དེ་མིག་མེད་པ་དང་གཅིག་པ་རེད་ཅེས་གསུངས་འདུག་ག །མདོ་སྡུད་པ་དེ་ལ་རྗེ་རང་བྱུང་རྡོ་རྗེས་མཛད་པའི་འགྲེལ་བ་ཡོད་རེད། བསྐལ་པ་སྔ་མོ་རྒྱལ་དབང་ཀརྨ་པ་སྐུ་གོང་མ་དེ་ཚོས་ཀྱིས་གཞུང་ལ་ཐོས་བསམ་གནང་པའི་སྐབས་སུ་ཐོག་མར་ཤེར་ཕྱིན་ནས་དབུ་བཙུགས་གནང་ནས་གསན་སྦྱོང་གནང་བའི་ལོ་རྒྱུས་ཡོད་རེད། ལྷག་པར་དུ་རྗེ་དྲུག་པ་མཐོང་བ་དོན་ལྡན་གྱིས་གསན་སྦྱོང་གནང་བའི་སྐབས་སུ་མདོ་སྡུད་པ་ནས་དབུ་བཙུགས་གནང་ནས་གསན་སྦྱོང་གནང་བའི་རྣམ་ཐར་དང་ལོ་རྒྱུས་ཡོད་རེད། དེ་འདྲ་ཡིན་དུས་མདོ་སྡུད་པ་ནས་གསུངས་པ་ཡིན་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོའི་ནང་དུ་ཐེག་པ་ཆེན་པོའི་ཉམས་ལེན་མཐའ་དག་བསྡུས་བསྡད་ཡོད་རེད་གསུངས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ནང་ལོགས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གལ་ཆེན་གྱི་རེད། ཤེས་རབ་མེད་པ་ཡིན་ན་ཕར་ཕྱིན་གཞན་དག་ལྔ་པོ་དེ་མིག་ལོང་བ་དང་གཅིག་པ་རེད་གསུངས། དེའི་རྒྱུ་མཚན་ག་རེ་རེད་ཟེར་བ་ཡིན་ན། ཤེས་རབ་མེད་པ་ཡིན་ན་ཚོགས་བསགས་སྒྲིབ་སྦྱོང་ལ་སོགས་པའི་དགེ་བ་གང་འདྲ་ཞིག་བསགས་པ་ཡིན་ན་ཡང་དེ་འཁོར་བ་ནས་ཐར་བའི་རྒྱུ་ལ་འགྲོ་ཡི་མ་རེད། ཤེས་རབ་མེད་པ་ཡིན་ན་གནས་ལུགས་རྟོགས་ཐུབ་ཀྱིན་མ་རེད། གནས་ལུགས་རྟོགས་མ་ཐུབ་པ་ཡིན་ན་སྟོང་ཉིད་ལ་སོགས་པའི་ལྟ་བའི་སྐོར་ལ་སློབ་སྦྱོང་བྱེད་ཐུབ་ཀྱི་མ་རེད། བདག་མེད་པའི་ལྟ་བ་ལ་སློབ་སྦྱོང་བྱེད་ཐུབ་ཀྱིན་མ་རེད། དེ་མ་བྱས་པ་ཡིན་ན་སྦྱིན་པ་ལ་སོགས་པ་བྱས་པ་ཡིན་ན་ཡང་འཁོར་བར་སྐྱེས་ནས་ལོངས་སྤྱོད་རྒྱ་ཆེན་པོ་འབྱུང་ཡ་ཙམ་ཆགས་ཀྱི་རེད་མ་གཏོགས་པས། འཁོར་བ་ལས་ཐར་བ་ཞིག་ཡོང་གི་མ་རེད། ཤེས་རབ་མེད་པ་ཡིན་ན་ཚུལ་ཁྲིམས་སྲུང་བ་ཡིན་ན་ཡང་ལྷ་མིའི་ལུས་རྟེན་ལེན་བྱེད་ཙམ་ཆགས་འགྲོ་ཡི་རེད། ཤེས་རབ་ཡོད་པ་ཡིན་ན་སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་སྲུང་བ་ལ་སོགས་པ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་རུ་འགྲོ་ཡ་ཞིག་ཡོང་གིན་རེད། དེ་འདྲ་ཡིན་དུས་ཙ་ནས་ཤེས་རབ་དེ་འཁོར་བ་ལས་ཐར་བའི་མིག་འདྲ་བོ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས་པར་བྱེད་པའི་མིག་ལྟ་བུ་ཆགས་བསྡད་ཡོད་རེད། ཐ་ན་ཤེས་རབ་ཀྱིས་རྩིས་མ་ཟིན་པ་ཡིན་ན་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ལ་སྦྱིན་པ་དང་ཚུལ་ཁྲིམས་ཞེས་པ་ཙམ་མ་གཏོགས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚོན་ཐུབ་ཀྱི་མ་རེད། དེའི་རྒྱུ་མཚན་ག་རེད་ཟེར་ན། ཤེས་རབ་ཀྱིས་གྲོགས་མ་བྱས་པ་ཡིན་ན་འཁོར་བའི་ཕ་རོལ་ཏུ་འགྲོ་ཐུབ་ཀྱི་མ་རེད། བདག་མེད་པ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་རྩིས་ཟིན་པ་ཡིན་ན། ཅི་བྱས་པ་ཐམས་ཅད་བྱང་ཆུབ་ཀྱི་ལམ་དུ་འགྲོ་ཐུབ་ཀྱི་རེད།
དེ་ཡང་ཚོགས་ཆོས་ནང་དུ། ཤེས་རབ་སྟོང་པས་ཟིན་ན་ཅི་བྱས་པ་ཐམས་ཅད་བྱང་ཆུབ་ཀྱི་ལམ་དུ་འགྲོ །ཁྱི་རྒན་ལ་ཟས་ཁམ་གཅིག་བྱིན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་གཟོད་བཤད་གསུང་། དེས་ན་ཤེས་རབ་དེ་ཤིན་ཏུ་གལ་ཆེ་སྟེ། ཅི་ཐོད་ཐོད་ཤེས་པའི་ཤེས་རབ་དེས་ཅུང་མི་འོང་། ཐོས་པའི་ཤེས་རབ་ཀྱིས་ཉོན་མོངས་པ་ངོ་ཤེས་པ་ཞིག་དགོས། བསམ་པའི་ཤེས་རབ་ཀྱིས་ཉོན་མོངས་པ་མགོ་ནོན་པ། བསྒོམ་པའི་ཤེས་རབ་ཀྱིས་ཉོན་མོངས་པ་རྩ་བ་ནས་སྤོངས་པ་ཞིག་དགོས། ཞེས་གསུངས། དེའི་དོན་དག་ག་རེ་རེད་ཟེར་ན། ཤེས་རབ་ཀྱིས་རྩིས་མ་ཟིན་པའམ་ཤེས་རབ་ཀྱིས་གྲོགས་མ་བྱས་པ་ཡིན་ན་དགེ་བ་ག་རེ་བྱས་པ་ཡིན་ན་བསོད་ནམས་ཀྱི་ཚོགས་སུ་འགྲོ་བ་མ་གཏོགས་པས་ཡེ་ཤེས་ཀྱི་ཚོགས་སུ་འགྲོ་ཐུབ་ཀྱི་མ་རེད། དེ་མ་སོང་པ་ཡིན་ན་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་རྒྱུ་ལ་འགྲོ་ཐུབ་ཀྱི་མ་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་ཆོས་རྗེ་རང་བྱུང་རྡོ་རྗེས་ཕྱག་ཆེན་སྨོན་ལམ་གྱི་ནང་ལོགས་ལ། བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། ། བསམ་སྦྱོར་རྣམ་དག་གངས་རི་ལས་སྐྱེས་པའི། ། འཁོར་གསུམ་རྙོག་མེད་དགེ་ཚོགས་ཆུ་རྒྱུན་རྣམས། ། རྒྱལ་བ་སྐུ་བཞིའི་རྒྱ་མཚོར་འཇུག་གྱུར་ཅིག ། ཅེས་གསུངས་པའི་རྒྱུ་མཚན་ཡང་དེ་ལ་ཐུག་བསྡད་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ཤེས་རབ་གྲོགས་མ་བྱས་པ། ཤེས་རབ་ཀྱིས་རྩིས་མ་ཟིན་པ་ཡིན་ན། ང་རང་ཚོས་སྟོང་གསུམ་གྱི་སྟོང་ཆེན་པོ་ལས་འདས་པའི་གསེར་དང་དངུལ་ལ་སོགས་པའི་རིན་པོ་ཆེ་ཡིས་བསྐང་ནས་སྦྱིན་པ་བཏང་པ་ཡིན་ན་ཡང་། དེ་སྦྱིན་པ་ཙམ་ལ་འགྲོ་བ་མ་གཏོགས་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆགས་ཐུབ་ཀྱི་མ་རེད། ཤེས་རབ་ཀྱིས་རྩིས་པ་ཡིན་ན། ཁྱི་རྒན་རྒྱ་བོ་ཞིག་ལ་ང་ཚོས་ཟས་ཁམ་ཞིག་སྦྱིན་པ་ཡིན་ན་ཡང་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འགྲོ་ཐུབ་ཀྱི་རེད། དེ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་དགེ་བ་རླབས་ཆེན་པོ་ལ་འགྱུར་ཐུབ་ཀྱི་རེད། ཅེས་གསུངས་པ་རེད། དེ་འདྲ་ཡིན་དུས་ཤེས་རབ་ཡོད་དང་མེད་པའི་དབང་གིས་ཁྱད་པར་ཆེན་པོ་ཞེ་བོ་ཞིག་ཡོང་བསྡད་ཀྱི་འདུག་ག །དེའི་རྒྱུ་མཚན་ལ་བརྟེན་ནས་ཤེས་རབ་དེ་གལ་ཆེན་པོ་རེད།

སྤྱིར་བཏང་ཤེས་རབ་དེ་ལ་འདྲ་མི་འདྲ་མང་པོ་ཞིག་ཡོད་ཀྱང་། ཤེས་རབ་གང་བྱུང་བྱུང་ཞིག་གི་མི་ཆོག་པ། སྤྱིར་བཏང་ཤེས་རབ་དེ་ལ་འདྲ་མུ་འདྲ་མང་པོ་ཞིག་ཡོད་ཀྱང་། ཤེས་རབ་གང་བྱུང་བྱུང་ཞིག་གི་མི་ཆོག་པ། དཔེར་ན་ང་རང་ཚོ་སློབ་གྲྭའི་ནང་ཕྱིན་པ་ཡིན་ན། སློབ་སྦྱོང་བྱེད་ཡ་མང་པོ་ཡོད་རེད། རིག་པ་གང་འཕེལ་འགྲོ་ཡ་ཡི་ཐབས་ཤེས་མང་པོ་ཡོད་རེད། ཡིན་ན་ཡང་ཤེས་རབ་གང་བྱུང་བྱུང་ཞིག་གིས་མི་ཆོག་པ། སྐབས་འདི་ལ་གཙོ་བོ་དེ་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དེ་གལ་ཆེན་པོ་རེད་གསུངས་པ་རེད། དེ་ཡང་དང་པོ་ཐོས་པའི་ཤེས་རབ་ཡོད་པ་ལ་བརྟེན་ནས་སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པ་ཡིན་པར་ངོ་ཤེས་པ་བྱས། རང་གིས་ནོར་འཁྲུལ་བྱས་ནས་སྡིག་པ་བསགས་པ་ཡིན་ན། དེའི་སྐྱོན་ག་རེ་ཡིན་པ། དེའི་ཁག་གཞན་མི་བཀལ་བར་རང་རྒྱུད་ཀྱི་ཉོན་མོངས་པའི་སྐྱོན་རེད་འདུག་བསམ་པ་འདྲ་བོ། དེ་འདྲ་ཞིག་ངོས་ཤེས་པ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། བསམ་པའི་ཤེས་རབ་ཀྱིས་ཉོན་མོངས་པ་དེ་དག་གི་སྐྱོན་ཆེ་ཆུང་གང་ཡོད་པ། གཏན་དུ་ཕན་གནོད་གང་འདྲ་ཡིན་པ་དེ་ཚོ་ངོ་ཤེས་པ་བྱེད་ནས། བསམ་བློ་ཡག་པོ་བཏང་། བརྟག་དཔྱད་ཡག་པོ་བྱས། སྐྱོན་ཡོད་པ་དེ་ཡག་པོར་ངོ་ཤེས་པའི་རྗེས་ལ་དྲན་ཤེས་དང་བག་ཡོད་བསྟེན་ནས་སེམས་ཉོན་མོངས་པའི་དབང་དུ་མ་ཤོར་བར་བྱས་ནས། ཉོན་མོངས་པ་མགོ་ནོན་ཐུབ་པ་ཞིག་བྱེད་དགོས་རེད།

སྒོམ་པའི་ཤེས་རབ་ཀྱིས་ཉོན་མོངས་པ་མགོ་ནོན་པ་ཙམ་མ་ཡིན་པར། ཉོན་མོངས་དེ་དག་གི་རྩ་བ་མ་རིག་པ་དང་འཁྲུལ་པའི་དབང་གིས་བྱུང་བ་ཡིན་པར་ཤེས་ནས། ཉོན་མོངས་པ་རྩ་བ་ནས་སྤངས་ཐུབ་པ་བྱས་པ་དེ་སྒོམ་པའི་ཤེས་རབ་ཀྱི་ཉམས་ལེན་བྱེད་སྟངས་ཡིན་པ་རེད། བྱང་ཙང་ཤེས་རབ་དེ་འདྲ་བ་ཞིག་ཡོད་པ་ཡིན་ན། གཞི་ནས་བདེ་བ་བླ་ན་མེད་པ་སངས་རྒྱས་གོ་འཕང་ཐོབ་ཐུབ་ཀྱི་རེད་གསུངས་པ་རེད། སྤྱིར་བཏང་ཤེས་རབ་དེའི་སྐོར་ལ་སང་ཉིན་ཏོག་ཙམ་ཞུ་ཡ་ཡིན། དེ་འདྲ་ཡིན་དུས་དེ་རིང་འདི་ལ་མཚམས་བཞག་ན་འགྲིག་འགྲོ་བསམ་བྱུང་།"

རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་བཞི་བཅུ་པའི་སྐབས་སུ། ༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ནས་དཔལ་ལྡན་དུས་གསུམ་མཁྱེན་པའི་ཚོགས་མཆོད་ཆོས་སྒྲུབ་མའི་གསུང་ཆོས་བཀའ་དྲིན་བསྐྱངས་གནང་བའི་ཉིན་གཉིས་པའི་བཀའ་ཆོས་ཡོངས་རྫོགས་སྤྱི་ལོ་ ༢༠༢༥ ཟླ་བ་ ༡༢ སྤྱི་ཚེས་ ༣༡ ཉིན་ལ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གནས་ཚུལ་ཕྱོགས་བསྡུས་པ་གུས་ཉི་མ་དོན་འགྲུབ་ནས་སྒྲ་ཕབ་བྱས་པར་དགེའོ། །