KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་བཞི་བཅུ་པའི་དངོས་གཞི་ཉིན་བཞི་པ།

རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་བཞི་བཅུ་པའི་དངོས་གཞི་ཉིན་བཞི་པ།

ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༣༠ ཉིན། ཕྱག་ཚོད་ ༦ པའི་ཐོག་རྒྱུན་ལྡན་བཞིན་སྨོན་ལམ་ཆེན་མོར་ཆེད་ཕེབས་མཛད་པའི་སྐྱབས་གནས་དགེ་འདུན་འདུས་པ་རྒྱ་མཚོ་སྤྱི་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་མི་དམངས་ཚོགས་བཅར་བ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཆོས་རར་འདུ་འཛོམས་གྲུབ་པ་དང་། ཟུར་མང་སྙན་བརྒྱུད་ཀྱི་བསྟན་པའི་བདག་པོ་ཆེན་པོ་༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་མཆོག་ནས་འདུས་པ་སེར་སྐྱ་མི་དམངས་ཡོངས་ལ་ཐེག་པ་ཆེན་པོའི་གསོ་སྦྱོང་གི་སྡོམ་པ་སྩལ་མཛད། དེ་ནས་ཉིན་རེའི་ཞལ་འདོན་གྱི་རིམ་པ་རྣམས་སྔ་ནས་སྨོན་ལམ་དུས་ཚོད་རེའུ་མིག་ཏུ་བཀོད་པ་ལྟར། ཚོགས་བཅར་བ་འདུས་པ་ཀུན་ནས་ཐོག་མར་ལེགས་སྦྱར་གྱི་ཞལ་འདོན་རྣམས་གསུངས་པའི་སྒོ་ནས་སྨོན་ལམ་ཉིན་བཞི་པའི་ཞལ་འདོན་གྱི་རིམ་པ་ལ་ལེགས་པར་འཇུག །

ཚོགས་ཐེངས་དང་པོའི་བར་སེང་གྲུབ་རྗེས་ཕྱག་ཚོད་ ༩ པའི་ཐོག་དཔལ་༧རྒྱལ་དབང་༧ཀརྨ་པ་ཡིད་བཞིན་ནོར་བུ་མཆོག་གིས་དྲྭ་རྒྱ་བརྒྱུད་དེ་དཔལ་ལྡན་དུས་གསུམ་མཁྱེན་པའི་ཚོགས་ཆོས་ཆོས་དྲུག་མའི་གསུང་ཆོས་དབུ་ཚུགས་མཛད། དེ་ཡང་ཐོག་མར་མཎྜལ་ཚོམ་བུ་བདུན་མའི་ཞལ་འདོན་གསུངས་པ་དང་ཝེཊ་ནཱམ་སོགས་འཛམ་གླིང་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་སྦྱིན་པའི་བདག་པོ་ཁག་ཅིག་ནས་༧རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ལ་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། དེ་ནས་དྲུང་བདུན་པ་ཆོས་གྲགས་རྒྱ་མཚོས་མཛད་པའི་བྱིན་ཆེན་གྱི་བྱང་སྡོམ་བརྒྱུད་འདེབས་དང་ཆོས་འཁོར་སྐོར་བར་གསོལ་བའི་ཞལ་འདོན་ཚིགས་བཅད་རྣམས་གསུངས་ཤིང་། ༧རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་དྲྭ་ཐོག་ཏུ་ཕེབས་ནས་གསུང་ཆོས་བཀའ་དྲིན་བསྐྱངས།

ཉིན་འདིའི་གསུང་ཆོས་ཀྱི་གཙོ་བོ་ནི། རྗེ་དུས་གསུམ་མཁྱེན་པའི་ཚོགས་ཆོས་ཆོས་དྲུག་ལས།
དད་དང་ཤེས་རབ་སྙིང་རྗེ་དང་། །
བླ་མ་མཇལ་དང་ཆོས་ཞུས་པ། །
དེ་དོན་བསྒྲུབ་ལ་འབད་པའོ། །
ཞེས་གསུངས་པ་ལྟར། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའི་ཐབས་གཙོ་བོ་ཆོས་དྲུག་གསུངས་པ་ལས་གསུམ་པ་སྙིང་རྗེའི་སྐོར་ཡིན། དེ་ཡང་སྤྱིར་གཞུང་ལུགས་ནང་གི་སྙིང་རྗེའི་དོན་དང་། དམིགས་བསལ་དུ་སྙིང་རྗེ་དང་འབྲེལ་བའི་ཚོར་སྣང་མི་འདྲ་བ་གསུམ་སྟེ། རང་གཅེས་འཛིན་གྱི་ཚོར་བ་དང་། གྲོགས་མེད་ཁེར་རྐྱང་གི་ཚོར་བ། ཤ་ཚ་བསམ་ཤེས་ཀྱི་ཚོར་བ་བཅས་གསུམ་པོ་དེ་དག་དང་སྙིང་རྗེའི་གཉིས་ཀྱི་བར་ལ་འབྲེལ་བ་ཇི་ལྟར་ཡོད་པའི་སྐོར་གསུངས་པའི་སྒོ་ནས་དེང་དུས་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ཁྲོད་དུ་ཕན་ཐོགས་ཇི་ལྟར་ཡོད་པའི་སྐོར་དང་། དེ་བཞིན་དུས་དེང་སང་མི་རྣམས་ཀྱི་སྤྱི་ཚོགས་འཚོ་བའི་ནང་དུ་སྙིང་རྗེ་སྐྱེས་པ་དཀོན་ཅིང་སྙིང་རྗེ་སྐྱེས་རྒྱུར་དཀའ་ངལ་ཡོད་པ་དང་། དེ་ལ་བརྟེན་ནས་སྙིང་རྗེའི་སེམས་དེ་ཉིད་ཤིན་ཏུ་རིན་ཐང་ཆེ་རུ་འགྲོ་བའི་ཚུལ། དེང་གི་ཟང་ཟིང་གི་སྤྱི་ཚོགས་དང་མཐུན་པའི་སྙིང་རྗེ་རྒྱུད་ལ་སྐྱེ་བའི་མཐུན་རྐྱེན་དང་འགལ་རྐྱེན་ཇི་ཙམ་ཡོད་པ་དང་། ལྷག་པར་དུ་ཆེས་འཁྲུག་ཆ་དོད་པའི་སྤྱི་ཚོགས་ཀྱི་དུས་སྐབས་འདིར་སྙིང་རྗེ་སྒོམ་པའི་ཐབས་ལམ་ཀྱི་སྐོར་སོགས་དེང་གི་སྤྱི་ཚོགས་འཁོར་ཡུག་དང་མཐུན་ཞིང་ཤིན་ཏུ་ཟབ་གནད་ཆེ་ལ། མི་ཡི་ཉིན་རེའི་འཚོ་བ་དངོས་ཀྱི་ནང་ན་ཕན་ཐོགས་རབ་ཏུ་ཆེ་བའི་གསུང་ཆོས་ཟབ་རྒྱས་བསྩལ་ཏེ། ད་ལན་བཀའ་བརྒྱུད་སྨོན་ལམ་ཐེངས་བཞི་བཅུ་པའི་དངོས་གཞི་གསུང་ཆོས་དེ་རེ་ཞིག་མཇུག་གྲུབ་པར་མཛད། དེ་རྗེས་འདུས་པ་ཡོངས་ནས་བསྟན་རྒྱས་སྨོན་ལམ་གྱི་ཞལ་འདོན་གསུངས་ཏེ་སྔ་དྲོའི་ཆོས་ཐུན་གྲོལ་ལོ། །

སླར་ཡང་ཉིན་རྒྱབ་ཕྱག་ཚོད་ ༡ དང་ཕྱེད་ཀའི་ཐོག་ཚོགས་བཅར་བ་སེར་སྐྱ་ཀུན་སྨོན་ལམ་ཆོས་ར་ཆེན་མོར་འདུ་འཛོམས་གྲུབ་རྟིང་ཉིན་རྒྱབ་ཚོགས་ཐེངས་དང་པོ་འགོ་འཛུགས་ཞུས་པ་དང་། གོ་ལ་འདིའི་བསྟན་འགྲོ་སྤྱིའི་སྐུ་རིམ་དུ་དམིགས་ཏེ་དམིགས་བསལ་གྱིས་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་བསྟོད་པ་ཉེར་གཅིག་གྲངས་གསོག་མཛད་ཡོད། དེ་ལྟར་དམིགས་བསལ་གྱིས་སྙིང་རྗེའི་བདག་ཉིད་དངོས་གྲུབ་མྱུར་དུ་སྟེར་གནང་མཛད་པའི་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟོད་གསོལ་མཛད་པའི་མཐུས་ཕན་བདེའི་འབྱུང་གནས་དྲི་མེད་རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་ཁྱབ་ཅིང་། རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་ཆེན་དམ་པ་མཐའ་དག་སྐུ་ཚེ་རབ་ཏུ་བརྟན་པ་དང་། གོ་ལ་འདིའི་སྒང་ལ་འཚོ་བའི་འགྲོ་བ་མ་ལུས་པ་མཐའ་དག་ཞི་བདེ་འབའ་ཞིག་གི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་སྨོན་ལམ་འདུས་པ་ཡོངས་ནས་ལེགས་པར་ཞུས།

ཉིན་རྒྱབ་ཕྱག་ཚོད་ ༣ པའི་ཐོག་ལོ་ལྟར་བཞིན་བཀའ་བརྒྱུད་སྨོན་ལམ་ཚོགས་པའི་ངོས་ནས་རྒྱལ་ཕྱི་ནང་གཉིས་ནས་ཕེབས་པའི་སྨོན་ལམ་གྱི་ཚོགས་མི་དམིགས་བསལ་བ་རྣམས་ལ་༧སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་སུ་ཕེབས་ཀྱང་དེ་ཉིད་ཀྱིས་ཟུར་དུ་མཇལ་ཁ་གནང་རྒྱུ་དང་། ཐུགས་རྗེ་ལེགས་འབུལ་གྱི་བཀའ་སློབ་དང་གསོལ་རས་གནང་སྲོལ་ཡོད་པ་བཞིན། ལོ་འདིར་ཡང་བཀའ་བརྒྱུད་སྨོན་ལམ་ཚོགས་པའི་ངོས་ནས་གསོལ་འདེབས་ཞུས་ཏེ། སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་ཆེན་པོ་༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་མཆོག་ནས་ཡོངས་དགེ་གཏེར་སྒར་དགོན་གྱི་འདུ་ཁང་ཆེན་མོར་ལོ་འདིའི་སྨོན་ལམ་ཚོགས་མི་དམིགས་བསལ་བ་རྣམས་ལ་མཇལ་ཁ་དང་། ༧སྐྱབས་རྗེ་་རིན་པོ་ཆེ་མཆོག་ནས་གནས་ཆེན་རྡོ་རྗེ་གདན་གྱི་སྨོན་ལམ་ཆེན་མོ་འདིར་ཚོགས་མི་རྣམ་པས་ལྷག་བསམ་རྣམ་དག་གིས་དཔལ་འབྱོར་དང་ལུས་དངོས་ཀྱི་སྒོ་ནས་ཞབས་ཞུ་བསྒྲུབས་པ་ལ་བསྟོད་བསྔགས་ཆེ་བརྗོད་གནང་ཞིང་། བཀའ་བརྒྱུད་སྨོན་ལམ་ཚོགས་པའི་ངོས་ནས་ཐུགས་རྗེ་ཆེ་ཞུ་མཚོན་གསོལ་རས་རེ་གནང་བར་མཛད།

ཉིན་རྒྱབ་ཚོགས་ཐེངས་གཉིས་པའི་སྐབས་སུ་འདུས་པ་ཡོངས་ནས་ཉིན་རེའི་མཛད་རིམ་དུས་ཚོད་རེའུ་མིག་ཏུ་བཀོད་པ་ལྟར་ཞལ་འདོན་གྱི་རིམ་པ་རྣམས་གསུངས་ཤིང་། ཞབས་བརྟན་ཁག་གི་ཞལ་འདོན་གསུང་ཚར་བ་དང་། སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་ཆེན་པོ་༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་སྐུ་ཕྲེང་དགུ་པ་མཆོག་གདུལ་བྱ་རྟག་འཛིན་རྣམས་ཀྱི་ཆེད་རེ་ཞིག་དགོངས་པ་ཞི་བར་གཤེགས་པའི་ཚུལ་བསྟན་ནས་ལོ་ངོ་གསུམ་ཙམ་སོང་ཞིང་། ད་ལྟའི་ཆར་སླར་ཡང་༧སྐྱབས་རྗེ་རིན་པོ་ཆེ་མཆོག་གང་གི་སྐུ་ཡི་ཡང་སྲིད་རིན་པོ་ཆེ་འཁྲུལ་བྲལ་ཟླ་ཞལ་མྱུར་དུ་འབྱོན་དགོས་པ་ནི་རྒྱལ་བསྟན་སྤྱི་དང་བྱེ་བྲག་གང་ལ་གཞིག་ནའང་ཤིན་ཏུ་གལ་གནད་ཅན་ཞིག་ཡིན་གཤིས། སྨོན་ལམ་ཚོགས་བཅར་བ་སེར་སྐྱ་འདུས་མང་ཡོངས་ནས་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་ལྗགས་རྩོམ་གནང་བའི་མྱུར་འབྱོན་གསོལ་འདེབས་ཀྱི་སྒོ་ནས་ཡང་སྲིད་མྱུར་འབྱོན་གསོལ་འདེབས་ཚར་མང་ཞུས། མཐར་མགོན་པོའི་གསོལ་ཁ་བསྡུས་པ་སོགས་ཞལ་འདོན་མཛད་དེ་སྨོན་ལམ་ཉིན་བཞི་པའི་མཛད་རིམ་འཇུག་བསྡུས་སོ། །

གནས་ཚུལ་རག་བསྡུས་ཙམ་ཞིག་གངས་ལ་ཉི་ཤར་ནས།

༧རྒྱལ་དབང་མཆོག་ནས་བསྩལ་བའི་བཀའ་བརྒྱུད་སྨོན་ལམ་དངོས་གཞི་ཐེངས་བཞི་བཅུ་པར་སྩལ་པའི་ཉིན་བཞི་པའི་གསུང་ཆོས། དུས་གསུམ་མཁྱེན་པའི་ཚོགས་ཆོས་ཆོས་དྲུག་མ།

"ད་རེས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་བཞི་བཅུ་པའི་ཚོགས་མགོན་ལ་ཕེབས་པའི་༧སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་དྲུང་གོ་ཤྲི་ཆེན་པོ་མཆོག་དང་། ༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་དབུས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་ཚོ་དང་། ཕྱོགས་བཅུའི་དགེ་འདུན་གྱི་སྡེ་བཙུན་པ་དང་བཙུན་མ་རྣམ་པ་ཚོ། ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་མི་དམངས་བོད་རིགས་སྤུན་ཟླ་དང་། ཧི་མ་ལཱ་ཡ་ཡི་སྤུན་ཟླ་རྣམ་པ་ཚོ་གཙོ་བོར་གྱུར་པའི་ཚང་མ་ལ་བཀྲ་ཤིས་པའི་འཚམས་འདྲི་ཞུ་ཡ་ཡིན།

ཁ་རྩང་ཆོས་རྗེ་དུས་གསུམ་མཁྱེན་པའི་ཚོགས་ཆོས་ཆོས་དྲུག་མའི་ནང་ལོགས་ནས། ཆོས་གསུམ་པ་སྙིང་རྗེ་ཆེན་པོ་དེ་གལ་ཆེ་བ་ཡིན་པ་གསུངས་པ་རེད། དེའི་སྐོར་དང་འབྲེལ་ནས་བཀའ་མོལ་ཏོག་ཙམ་ཞུ་ན་དྲན་སོང་། ཐེག་པ་ཆེན་པོ་གཞུང་ལུགས་འདི་ཚོའི་ནང་ལོགས་ནས། སྙིང་རྗེ་ཆེན་པོ་དེ་གལ་ཆེན་པོ་ཞེ་བོ་གཅིག་ཡིན་པ་གསུངས་ཡོད་རེད། ཡིན་ན་ཡང་ད་སྙིང་རྗེ་ཆེན་པོ་དེ་རྒྱུད་ལ་སྐྱེ་བར་ལ་ལས་སླ་པོ་གཅིག་མེད། རྒྱུད་ལ་སྐྱེ་ཡ་ཏོག་ཙམ་དཀའ་ལས་ཁག་པོ་འདྲ་བོ་གཅིག་ཡིན་ས་རེད་བསམ་བསམ་འདྲ་བོ་གཅིག་དྲན་གྱི་འདུག སྤྱིར་བཏང་ང་རང་ཚོའི་གསུང་རབ་ནང་ལོགས་ལ་སྙིང་རྗེ་ཟེར་ཡ་དེ་ག་འདྲ་ཞིག་ལ་ཟེར་གྱི་ཡོད་རེད་ལབ་པ་ཡིན་ན། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་གྲོལ་འདོད་ཀྱི་བསམ་པ་གཅིག་ལ་སྙིང་རྗེ་ཟེར་གྱི་ཡོད་པ་དེ། ང་རང་ཚོ་མང་ཆེ་བས་ཤེས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་དེ་རིང་ང་ཚོས་འགྲེལ་བཤད་རྒྱག་སྟངས་མི་འདྲ་བ་གཅིག་གིས་ཐོག་ནས་སྙིང་རྗེའི་སྐོར་ལ་འགྲེལ་བཤད་གཅིག་བརྒྱབ་པ་ཡིན་པ་ཡིན་ན། ཏོག་ཙམ་ཕན་ཐོགས་ཡོང་གི་མེད་འགྲོ་བསམ་པ་འདྲ་བོ་གཅིག་དེ་འདྲ་ཞིག་དྲན་གྱི་འདུག དེ་འདྲ་ཡིན་དུས་གཤམ་ལ་དང་པོ་སྔོན་ལ་ཚོར་སྣང་མི་འདྲ་བ་གསུམ་གྱི་ཐོག་ནས་ཞུས་ན་བསམ་པ་དྲན་སོང་། ཚོར་སྣང་མི་འདྲ་བ་གསུམ་ལ་ཞིབ་བསྡུར་བྱས་ཏེ། ང་ཚོས་སྙིང་རྗེ་ཟེར་ཡ་དེ་ག་འདྲ་ཞིག་ཡིན་པ་དེ་ཁ་ཕྱོགས་དང་ལྟ་སྟངས་མི་འདྲ་བ་ཞིག་གིས་ཐོག་ནས་གོ་བ་ལེན་པ་ཡིན་ན། ཡང་ཏོག་ཙམ་ཕན་གྱི་མེད་འགྲོ་བསམ་པ་ཞིག་དྲན་སོང་།

ཚོར་བ་གསུམ་པོ་དེ་ག་རེ་རེད་ཅེས་ཞུས་པ་ཡིན་ན། རང་གཅེས་འཛིན་ནམ་སྒེར་སེམས་རང་སོ་སོ་སྒེར་གྱི་ཁེ་ཕན་གཅིག་པུ་ལ་བསམ་བློ་གཏོང་ཡ་གཅིག་ཡོད་རེད་བ། དེའི་ཚོར་བ་དང་། གྲོགས་མེད་ཁེར་རྐྱང་གི་ཚོར་བ་གཅིག་དང་། ད་ག་ནང་བཞིན་ཤ་ཚ་དང་བསམ་ཤེས་བྱེད་ཡ་ཡི་ཚོར་སྣང་འདྲ་བོ་ཞིག་ཡོད་རེད། དེ་ཚོ་གསུམ་པོ་དེ་རེད། དེ་གསུམ་པོ་དེ་ང་རང་ཚོ་མི་ཚོའི་འཚོ་བའི་ནང་ལོགས་ལ་འཚོ་བ་དེ་གསུམ་པོ་སྐྱེས་ལས་སླ་ཤོས་གཅིག་དང་། རྒྱུན་དུ་མཐོང་ཡ་ཡོད་པའི་གནས་སྟངས་འདྲ་བོ་གཅིག་ཆགས་བསྡད་ཡོད་རེད། ད་ང་ཚོའི་ནམ་རྒྱུན་དོ་སྣང་དེ་ཙམ་བྱེད་ཀྱི་ཡོད་མ་རེད་མ་གཏོགས་གཞན་འཚོ་བ་གསུམ་པོ་དེ་དང་སྙིང་རྗེའི་བར་ལ་འབྲེལ་བ་ཟབ་མོ་ཡོད་བསྡད་པ་ཞིག་དང་། ལྷག་པར་དུ་སྙིང་རྗེ་སྐྱེ་ཡ་ལ་འབྲེལ་བ་ཆེན་པོ་ཡོད་བསྡད་པ་ཞིག་ཆགས་བསྡད་ཡོད། དེ་འདྲ་ཡིན་དུས་ཙ་ནས་གཤམ་ལ་ཚོར་བ་དེ་གསུམ་གྱི་སྐོར་ལ་ཏོག་ཙམ་ཞུས་པ་ཡིན་ན་བསམ་པ་དྲན་སོང་།

དང་པོ་དེ་སྙིང་རྗེ་དང་རང་གཅེས་འཛིན་གྱི་བར་འབྲེལ་བ་ག་རེ་ཡོད་པ་དེའི་སྐོར་ལ་ཡིན། རང་གཅེས་འཛིན་ཟེར་ནའང་འགྲིག་གི་ཡོད་རེད། ཡང་ན་སོ་སོ་སྒེར་གྱི་ཁེ་ཕན་གཅིག་པུ་ལ་བསམ་བློ་གཏོང་ཡ་ཡི་སྒེར་སེམས་ཟེར་ནའང་འདྲ། དེ་གཉིས་དོན་དག་འདྲ་བོ་ཆགས་ཀྱི་འདུག །དེང་སང་གི་སྤྱི་ཚོགས་ནང་ལོགས་ལ་མི་ཕལ་ཆེ་བ་དེ་རང་གཅེས་འཛིན་ཅན་ཡོད་རེད་ལབ་པ་ཡིན་ན་འགྲིག་གི་ཡོད་རེད། མི་དང་མིའི་བར་ལ་འབྲེལ་བ་བྱེད་སྟངས་དང་། དེ་བཞིན་དཔལ་འབྱོར་རིག་པ་དང་། ཆབ་སྲིད་རིག་པ་ལ་སོགས་པ་སྤྱི་ཚོགས་ཀྱི་རིག་པ་མང་པོ་ཞིག་རང་གཅེས་འཛིན་གྱི་རྨང་གཞིའི་ཐོག་ནས་གྲུབ་བསྡད་པ་ཞིག་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་རང་གཅེས་འཛིན་ཟེར་ཡ་དེ་ཧོབ་དེ་སྒང་ལ་ལྟ་དུས་ཚ་ནས་སྙིང་རྗེ་ཆེན་པོ་དང་འབྲེལ་བ་ཞེ་དྲག་མེད་བསྡད་པ་ལྟ་བུ། འབྲེལ་བ་མེད་པའི་སྟེང་དུ་ད་དུང་བསམ་བློ་ཞིབ་ཕྲ་བཏང་བ་ཡིན་ན། ཁོང་གཉིས་འགལ་བ་ཆགས་བསྡད་མཁན་བཟོ་འདྲ་ཞིག་ཡོད་རེད། ད་ཡིན་ནའང་དོན་དངོས་ཐོག་ལ་རང་གཅེས་འཛིན་དང་སྙིང་རྗེའི་བར་འབྲེལ་བ་ཡོད་དམ་མེད་། དེ་གཉིས་འགལ་ཟླ་རེད་མ་རེད་ལབ་པ་ཡིན་ན། རང་གཅེས་འཛིན་དང་སྙིང་རྗེ་ཟེར་བ་དེ་ཕྱོགས་གཅིག་ནས་འགལ་ཟླ་འདྲ་བོ་ཞིག །ཚ་རེག་དང་གྲང་རེག་ནང་བཞིན་འགལ་ཟླ་འདྲ་བོ་ཞིག་ཆགས་བསྡད་ཡོད། ཡིན་ནའང་དོན་དུ་ཁོང་གཉིས་འབྱུང་ཁུངས་གཅིག་པ་འདྲ་བོ་རེད་ཟེར་ནའང་འགྲིག །གང་ལྟར་འགོ་བརྩམ་ས་གཅིག་ལས་བྱུང་བསྡད་པ་ཞིག་རེད། དེ་ཡང་གང་འདྲ་ཞིག་རེད་ལབ་པ་ཡིན་ན། ང་ཚོ་སྐྱེས་ནས་བཟུང་སྟེ་རང་བཞིན་གྱིས་སྡུག་བསྔལ་དང་བྲལ་འདོད་ཡོད་པ། བདེ་བ་དང་ལྡན་འདོད་ཡོད་པ་ཞིག་རང་གིས་ངང་གིས་ཡོང་གི་ཡོད་པ་རེད། རང་གཅེས་འཛིན་ཟེར་མཁན་དེ་ཡོད་པ་ལ་བརྟེན་ནས་ང་ཚོ་ལ་སྡུག་བསྔལ་བྲལ་འདོད་དང་བདེ་བ་ལྡན་འདོད་ཡོད་པའི་རྣམ་པ་དེ་མངོན་གསལ་དོད་པོ་བྱས་ནས་མཐོང་ཐུབ་ཡ་ཞིག་ཡོང་གི་ཡོད། ག་རེ་ཟེར་ན། ང་བདེ་བ་འདོད་ཀྱི་འདུག །ང་སྡུག་བསྔལ་འདོད་ཀྱི་མི་འདུག་ཟེར་ཡ་གཅིག་གི་རྣམ་འགྱུར་གསལ་པོ་ཞིག་བསྟན་ཡོང་གི་ཡོད་རེད།

ཡིན་ནའང་རང་གཅེས་འཛིན་གྱི་ཁྱད་ཆོས་སམ་མི་འདྲ་བའི་གནས་སྟངས་དེ་ག་རེ་ཆགས་ཀྱི་ཡོད་རེད་ཅེ་ན། རང་དང་གཞན་གཉིས་པོ་ཁ་ཁ་སོ་སོ་ཕྱེས་ནས་གཡག་གི་ར་ཅོ་གཉིས་ནང་བཞིན་དབྱེ་བ་ཕྱེས་ནས་ཡོང་གི་ཡོད། སྙིང་རྗེ་ཟེར་ཡ་དེ་དང་འདྲ་ཡི་ཡོད་མ་རེད། སྙིང་རྗེ་ཟེར་ཡ་དེ་ང་ཚོ་ལ་རང་བཞིན་གྱིས་ཡོད་བསྡད་པའི་བདེ་བ་ལྡན་འདོད་དང་། སྡུག་བསྔལ་བྲལ་འདོད་ཅིག་ཡོད་རེད། དེ་ཡིས་སྡུག་བསྔལ་བྲལ་འདོད་དང་བདེ་བ་ལྡན་འདོད་ཀྱི་བསམ་པ་དེ་རྒྱ་བསྐྱེད་བྱས། རང་གཅིག་པུ་མ་ཡིན་པ། གཞན་ཡང་རང་དང་འདྲ་བ་བདེ་བ་ལྡན་འདོད་ཡོད་པ་སྡུག་བསྔལ་མི་འདོད་པ་ཡིན་པ། ལྟ་སྟངས་དེ་འདྲ་ཞིག་ལ་ལྟ་ཡོང་དུས་ཙ་ནས། རང་སྡུག་བསྔལ་ལས་བྲལ་ནས་བདེ་བ་འཐོབ་པར་ཤོག་བསམ་པའི་བསམ་པ་དེ་ཁ་བསྒྱུར། རྒྱ་བསྐྱེད་ནས་ཁྱོད་ཀྱང་སྡུག་བསྔལ་ལས་གྲོལ། བདེ་བ་ལྡན་པར་ཤོག་ཅེས་འགྱུར་བ་གཏོང་ཡ་འདྲ་བོ་ཞིག་ཆགས་ཀྱི་ཡོད། དེ་འདྲ་ཡིན་དུས་གནད་འགག་དེ་ག་པར་ཐུག་བསྡད་ཡོད་རེད་ཟེར་ན། གནད་འགག་དེ་རང་གཅེས་འཛིན་ཟེར་བ་དེ་རྩ་མེད་དུ་བཟོ་ཡ་དེ་མ་ཡིན་པ་བྱས། ང་ཟེར་བའི་འཁོར་རྒྱ་ཞིག་ཡོད་རེད། ད་ལྟ་ང་ཟེར་བ་དེ་ཆུང་ཆུང་ཞིག་མ་གཏོགས་ཡོད་མ་རེད། ང་ཟེར་བའི་འཁོར་རྒྱ་དེ་རྒྱ་ཆེ་རུ་བཏང་ནས་གཞན་རྣམས་འདིའི་ནང་ལ་ཆུད་པ་འདྲ་བོ་བྱ་རྒྱུ་རེད། དེ་གང་འདྲ་བྱས་ནས་བཟོ་དགོས་སམ་ཞེ་ན། ང་ཚོས་རང་གཅེས་འཛིན་ལ་དགག་པ་རྒྱག་ཡ་ཚབ་ལ་དེ་བེད་སྤྱོད་ཡག་པོ་བྱས་བཞག་པ་ཡིན་ན། ཁེ་ཕན་ཆེ་བ་འདྲ་བོ་ཞིག་ཡོང་བསྡད་ཀྱི་ཡོད། དེ་ཡང་དང་པོ་དེ་གང་རེད་ཟེར་ན། རང་ལ་བརྩེ་བ་ཡོད་པ་ལ་བརྟེན་ནས་གཞན་ལ་བརྩེ་བ་སྐྱེ་ཐུབ་པ་ཞིག་ཆགས་དགོས་ཀྱི་ཡོད། སོ་སོ་ལ་བརྩེ་བ་གང་འདྲ་བྱས་ནས་བྱེད་ཀྱི་ཡོད་མེད་སོ་སོ་ཡག་ཤོས་ཤེས་ནུས་ལ། སོ་སོ་ལས་ལྷག་པ་བརྩེ་བ་བྱེད་མཁན་ཕལ་ཆེར་ཡོད་མ་རེད། དེ་འདྲ་ཡིན་དུས་སོ་སོ་ལ་བརྩེ་བའི་བསམ་པ་ཞིག་ཡོད་པ་དེ་ནས་འགོ་བརྩམས་ནས་གཞན་ལ་བསམ་ཤེས་བྱེད་ཡ། གཞན་ལ་བརྩེ་སེམས་བཅངས་ཡ་དེ་འདྲ་ཞིག་ཡོང་ཐུབ་ཀྱི་འདུག་གམ་མི་འདུག་ལྟ་དགོས། སོ་སོ་སྡུག་བསྔལ་མྱོང་དུས་ཙ་ནས་ཚོར་བ་གང་འདྲ་སྐྱེས་ཀྱི་ཡོད་པ། དེ་བཞིན་ཕ་གི་མི་དེ་ལ་ང་རང་གི་གནས་སྟངས་གཅིག་པ་གཅིག་རྐྱང་སྡུག་བསྔལ་མྱོང་བསྡད་ཀྱི་འདུག། །ཁོ་རང་ལའང་བརྩེ་བ་བྱེད་ཡ་ཡི་ཐོབ་ཐང་ཟེར་ནའང་འདྲ་འདུག །ཁོ་རང་ལ་མི་གཞན་ཞིག་གིས་བརྩེ་བ་ཞིག་བྱེད་རོགས་བྱེད་ན་བསམ་པའི་རེ་བ་རྒྱག་ནས་བསྡད་འདུག་བསམ་ནས། རང་གཅེས་འཛིན་གྱིས་རང་ལ་བརྩེ་བ་གཞན་ལ་བརྩེ་བ་བྱེད་ཡ་ཡི་ཟམ་པ་འདྲ་བོ་ཞིག་ལ་འགྱུར་བ་འགྲོ་ཐུབ་པ་བྱེད་དགོས་ས་དེ་གལ་ཆེན་པོ་རེད།

གནད་འགག་གཅིག་དེ་གང་རེད་ཟེར་ན། རང་གཅེས་འཛིན་དེ་ཡི་ཚད་མཐོ་རུ་བཏང་དགོས་ཡ་ཞིག་རེད། ཚད་མཐོ་རུ་བཏང་ཟེར་ཡ་དེ་གང་འདྲ་ཞིག་ལ་གོ་བ་ལེན་དགོས་ཀྱི་ཡོད་རེད་ཅེ་ན། གཞན་ལ་གནོད་པ་བྱས་ནས་རང་ལ་ཕན་པ་བསྒྲུབ་ཡ་ཞིག་ཡོད་རེད་བ། དེ་ཕྱོགས་གཅིག་ནས་མགོ་བདེ་བའི་ལས་ཀ་འདྲ་བོ་ཞིག་རེད། མགོ་བདེ་བའི་ལས་ཀ་དེ་གནས་སྐབས་ཤིག་ཁེ་ཕན་ཡོང་བའི་སྣང་བ་ཤར་གྱི་རེད་དེ། དོན་དུ་རང་ཉིད་ག་ལེར་ལེར་གྲོགས་མེད་ཁེར་རྐྱང་འདྲ་བོ་ཞིག་དང་། སོ་སོ་ལ་འགལ་རྐྱེན་མང་པོ་བྱེད་ཡ་ཡི་རྐྱེན་རྩ་འདྲ་བོ་ཞིག་ཆགས་ཡོང་གི་རེད། དེ་ལས་ལྡོག་བྱས་མི་གཞན་ལ་སེམས་གཏིང་ནས་ཕན་སེམས་བཅངས། གྲོགས་བྱས་པ་ཡིན་ན་རང་ལ་དངོས་གནས་དྲང་གནས་ཀྱི་བདེ་སྐྱིད་ཡོང་ཡ་ཞིག་དང་། དྲོ་སོབ་སོབ་ཡོང་ཡ་འདྲ་བོ་ཞིག་ཡོང་གི་འདུག །སོ་སོའི་སེམས་པའི་ནང་ལ་ངས་ཡག་པོ་ཞིག་བྱས་ཡོད་བསམ་བསམ་འདྲ་བོ་ཞིག་དང་བདེ་བ་འདྲ་བོ་ཞིག་དང་དྲོ་སོབ་སོབ་དེ་འདྲ་ཞིག་ཡོང་གི་འདུག །སེམས་ལ་བདེ་སྐྱིད་བསྐྲུན་ཐུབ་ཀྱི་འདུག །ད་ལྟ་ང་ཚོས་ཕན་པ་སྒྲུབ་སྟངས་དེ་མིག་རྒྱང་ཐུང་དྲག་པ་རེད། ང་ཚོས་མིག་རྒྱང་རིང་པོ་བྱས་ནས་རང་ལ་ཕན་པ་སྒྲུབ་དགོས་རེད། མིག་རྒྱང་རིང་པོ་བྱས་ནས་རང་ལ་ཕན་པ་སྒྲུབ་སྟངས་དེ་གང་རེད་ཅེ་ན། གཞན་ལ་ཕན་ཐོགས་བྱེད་ཡ་དེ་རེད། གཞན་ལ་ཕན་ཐོགས་བྱས་པ་ཡིན་ན་ཕུག་ལ་རང་ལ་ཕན་ཐོགས་ཡོང་གི་རེད། གཞན་ལ་དེ་འདྲ་བའི་རང་ལ་ཕན་པ་སྒྲུབ་སྟངས་དེ་ཐབས་མཁས་པའི་ཤེས་རབ་ཅིག་ཆགས་བསྡད་ཡོད། དེ་འདྲ་ཡིན་དུས་དེ་མི་མང་པོ་ཞིག་གི་བསམ་བློའི་ནག་ལོགས་ལ་རང་གཅེས་འཛིན་བྱ་རྒྱུ་ཡོད་མ་རེད་ཅེས་ལབ་དུས། སོ་སོ་བློས་གཏོང་གི་ཡོད་པ་འདྲ་བོ་ཞིག་བསམ་བློ་གཏོང་གི་ཡོད་རེད། དེ་འདྲ་མ་ཡིན་པར་སོ་སོ་བློས་གཏོང་མ་དགོས་པའི་ཐོག་ནས་གཞན་ལ་ཕན་པ་སྒྲུབ་པ་ཡིན་ན་ཏོག་ཙམ་ལས་སླ་ཡོང་གི་འདུག།།

གསུམ་པ་དེ་ག་རེ་ཟེར་ན། སྙིང་རྗེ་ཟེར་བ་དེ་ང་ཚོས་བསམ་པ་ལས་ཀྱང་ལྷག་པའི་གནས་ཚད་མཐོན་པོ་ཞེ་བོ་ཞིག་ཆགས་བསྡད་ཡོད། གནས་ཚད་མཐོན་པོ་གང་འདྲ་ཆགས་བསྡད་ཡོད་ཟེར་ན། ང་ཚོའི་སེམས་ལ་སྦྱོང་བརྡར་སྤྲད་བྱས། ཉམས་ལེན་བྱེད་བྱས། དཔེར་ན། གཞན་གྱི་སྡུག་བསྔལ་རང་གིས་ལེན། །རང་གི་བདེ་བ་གཞན་ལ་སྦྱིན། །གཏོང་ལེན་གྱི་སློབ་སྦྱོང་བྱེད་ཡ་ཡོད་རེད། སློབ་སྦྱོང་བྱས་པ་ལ་བརྟེན་ནས་རིམ་པས་རིམ་པས་ང་དང་ཁྱོད་ཀྱི་བར་ལ་ད་ལྟ་རྩིག་པ་དང་མ་སོང་ན་མཐུག་པོ་ཞེ་བོ་ཡོད་པ་དེ་གཏོར་ནས། བྱམས་པ་དང་སྙིང་རྗེ་སྐྱེས་ཡ་དེ་དབུགས་བཏང་བ་ནང་བཞིན་ལས་སླ་བོ་བྱས་ནས་བྱམས་པ་དང་སྙིང་རྗེ་སྐྱེས་ཐུབ་ཡ་ཡོང་གི་རེད། ད་ལྟ་ང་རང་ཚོ་ལ་བྱམས་པ་དང་སྙིང་རྗེ་སྐྱེ་མི་ཐུབ་པ་དེ་རང་དང་གཞན་གྱི་བར་རྩིག་པ་མཐུག་པོ་ཞེ་བོ་ཞིག་བརྩིགས་བཞག་ཡོད་པ་དང་། རང་དང་གཞན་གཉིས་ཀྱི་བར་ལ་བར་ཐག་ཞེ་བོ་ཞིག་ཡོད་པ་ཡིན་ཙང་། རང་ལ་བརྩེ་བ་བྱེད་པ་ནང་བཞིན་གཞན་ལ་བརྩེ་བ་བྱེད་ཐུབ་ཀྱི་ཡོད་མ་རེད། དེ་འདྲ་ཡིན་དུས་གཞན་ལ་ཕན་པ་བསྒྲུབ་ཡ་དེ་ངས་ལས་ཀ་ཡག་པོ་ཞིག་བྱེད་སྡོད་ཡོད་བསམ་བསམ་འདྲ་བོ་ཞིག་གི་བསམ་བློ་གཏོང་སྟངས་ཤིག་མ་ཡིན་པར། ང་རང་གིས་བྱ་དགོས་པའི་བྱ་བ་ཞིག་སྒྲུབ་སྡོད་ཡོད་བསམ་བསམ་འདྲ་བོ་ཞིག་གིི་བསམ་བློ་ཞིག་ལ་འགྱུར་ཐུབ་ཡ་ཞིག་བྱེད་ཡ་གཅིག་དང་། ངས་གཞན་ཕན་ཞེ་བོ་ཞིག་སྒྲུབ་སྡོད་ཅེས་ཁེངས་དྲེག་བྱེད་ཡ་དང་། མི་གཞན་དག་ལ་ངོམས་སོ་རྒྱག་ཡ་འདྲ་བོ་དེ་འདྲ་ཞིག་མ་ཡིན་པ། སོ་སོའི་སྒྲུབ་འོས་པ་དང་སོ་སོའི་དགའ་ཕྱོགས་ཀྱི་བྱ་བ་འདྲ་བོ་ཞིག་སྒྲུབ་ཀྱི་ཡོད་བསམ་བསམ་འདྲ་བོ་ཞིག་གི་བསམ་བློ་ཞིག་ལ་འགྱུར་ཐུབ་པ་བྱེད་དགོས་རེད། དེ་འདྲ་ཞིག་བྱུང་ཐུབ་ན་བདག་འཛིན་གྱི་མདུད་པ་དང་པོ་དེ་དེ་དུས་གྲོལ་ཐུུབ་ཀྱི་རེད། བདག་འཛིན་གྱི་མདུད་པ་དེ་གྲོལ་སོང་ན་སྔར་ཉམས་སུ་མ་མྱོང་བའི་ཞི་བདེ་རྒྱ་ཆེན་པོ་ཞེ་བོ་ཞིག་ཉམས་སུ་མྱོང་ཐུབ་ཡ་ཞིག་དང་། མི་གཞན་དང་མཉམ་དུ་རླབས་ཆེ་བའི་མཐུན་ལམ་ཞིག་གམ་སྔར་ཉམས་སུ་མ་མྱོང་བའི་མཐུན་ལམ་བསྐྲུན་ཐུབ་པ་ཡོང་གི་རེད། མདོར་ན། རང་གཅེས་འཛིན་དང་སྙིང་རྗེ་གཉིས་ང་ཚོས་ཕན་ཚུན་དགྲ་ཟླ་དང་ཁ་གཏད་ལྟ་བུ་ཞིག་ཟེར་བ་ལས་ཀྱང་། རང་གཅེས་འཛིན་ཟེར་ཡ་དེ། དཔེར་ན་ང་ཚོས་བུམ་པ་ཞིག་བཟོས་ན་རྒྱུ་ཆ་འདམ་བག་དགོས་ཀྱི་རེད། བྱས་ཙང་རང་གཅེས་འཛིན་ཟེར་བ་དེ་བུམ་པ་མ་བཟོས་པའི་གོང་གི་རྒྱུ་ཆ་འདམ་བག་འདྲ་བོ་ཞིག་ཆགས་བསྡད་ཡོད། སྙིང་རྗེ་ཟེར་ཡ་དེ་ཤེས་རབ་ཀྱིས་རྩལ་ལས་བཟོས་པའི་བུམ་པ་མཛེས་པོ་ཞིག་དང་ཆ་མཚུངས་པ་རེད། རང་གཅེས་འཛིན་ཡོད་པ་ལ་བརྟེན་ནས་གཞན་གཅེས་འཛིན་དང་ཕན་པ་བསྒྲུབ་ཡའམ་གཞན་གཅེས་འཛིན་གྱི་ངོ་བོར་ཡར་རྒྱས་གཏོང་ཡ་ཡོད་པ་ཞིག་དང་། དེའི་རྣམ་པ་ལ་འགྱུར་ཡ་ཡོད་སྡོད་པ་ཞིག་གི་གོ་སྐབས་ཡོད་བསྡད་པ་རེད། དེ་འདྲ་ཡིན་དུས་ང་རང་ཚོས་སོ་སོ་ལ་རང་གཅེས་འཛིན་གྱི་བསམ་པ་ཡོད་བསམ་བྱས་ནས་ངོ་ཚ་དགོས་ཡ་ཡོད་མ་རེད། གནད་འགག་ཆེ་ཤོས་དེ་གང་རེད་ཟེར་ན། རང་གཅེས་འཛིན་གྱི་ནང་ལོགས་ལ་རིན་ཐང་བྲལ་བའི་དངོས་པོ་ཞིག་ཡོད་རེད། དེ་ང་ཚོས་མཐོང་བ་བྱས། ཧ་གོ་བྱེད་དགོས་ཡ་དེ་གལ་ཆེན་པོ་ཡིན། དེ་ག་རེ་རེད་ཟེར་ན། རང་གཅེས་འཛིན་ཟེར་ཡ་དེ་གཙོ་བོ་རང་ཉིད་སྡུག་བསྔལ་ཐར་ཡ་དང་སྡུག་བསྔལ་ལས་བྲལ་འདོད་ཀྱི་ནུས་པའམ་སེམས་ཤུགས་འདྲ་བོ་ཞིག་ཡོང་བསྡད་ཀྱི་ཡོད། དེ་ཡོད་པ་དེ་ཤེས་པ་བྱས་དེ་རང་ཉིད་ཁོ་ནའི་ཆེད་དུ་བེད་སྤྱོད་གཏོང་བ་མ་ཡིན་པ་རང་གི་ཉེ་འཁོར་གྱི་མི་དེ་དག་ལའང་བསམ་བློ་གཏོང་ཐུབ་ཡ་ཞིག་དང་། དྲོད་འཇམ་གྱི་བརྩེ་བ་སྤྲད་ཡ་ཡི་འགོ་བཙུགས་ཐུབ་ཡ་དང་། དེ་ནས་རིམ་གྱིས་ནམ་མཁའ་དང་སེམས་ཅན་ཐམས་ཅད་ལ་རྒྱ་བསྐྱེད་ནས་བརྩེ་བ་སྤྲད་ཐུབ་པ་ཞིག་བྱེད་དགོས་ཀྱི་ཡོད། བྱས་ཙང་རང་གཅེས་འཛིན་དེ་བེད་སྤྱོད་ཡག་པོ་བཏང་བ་ཡིན་ན་གཞན་ཕན་གྱི་བསམ་པ་རླབས་ཆེན་པོ་ཞིག་ལ་འགྱུར་ཐུབ་ཡ་གོ་སྐབས་ཡིན་པ་རེད། དེ་ཡིས་རང་གཅེས་འཛིན་སྐོར་ལ་ཞུས་ཟིན་པ་རེད།

གཉིས་པ་དེ་གྲོགས་མེད་ཁེར་རྐྱང་གི་བསམ་པ་ཞིག་ཡོད་རེད། དེ་ལ་གཉེན་པོ་བསྟེན་ཐབས་སྐོར་ལ་ཞུ་ཡ་ཡིན། ནམ་རྒྱུན་མི་མང་ཞིག་ལ་གྲོགས་མེད་ཁེར་རྐྱང་གི་ཚོར་བ་དེ་ཡོང་གི་ཡོད་རེད། དཔེར་ན། མི་སུས་ཀྱང་ང་ལ་བསམ་ཤེས་བྱེད་ཀྱི་མི་འདུག ང་ལ་ཁ་ཡ་བྱེད་ཀྱི་མི་འདུག་བསམ་བསམ་འདྲ་བོ་ཞིག་དང་། ང་ལ་དོ་སྣང་བྱེད་ཀྱི་མི་འདུག་བསམ་བསམ་འདྲ་བོ་ཞིག་ཡོང་གི་ཡོད། དེ་འདྲ་ལ་བརྟེན་ནས་སོ་སོ་གྲོགས་མེད་ཁེར་རྐྱང་ཡིན་པའི་ཚོར་བ་ཞིག་ཡོང་གི་ཡོད། ང་ཚོ་ལ་གྲོགས་མེད་ཁེར་རྐྱང་གི་ཚོར་བ་བྱུང་ཡ་དེ་ང་ཚོའི་འཁྲིས་ལ་མི་སུ་ཞིག་ཀྱང་མེད་པ་ལ་བརྟེན་ནས་བྱུང་གི་ཡོད་དམ་ཟེར་ན། དེ་འདྲ་ཡོང་གི་མ་རེད། གྲོགས་མེད་ཁེར་རྐྱང་གི་ཚོར་བ་རྒྱུ་མཚན་གང་ལ་བརྟེན་ནས་བྱུང་གི་ཡོད་རེད་ཟེར་ན། སོ་སོ་བསམ་བློའི་ནང་ལོགས་ལ་སོ་སོ་གཅིག་པུ་མ་གཏོགས་མི་གཞན་དག་བཞག་མེད་པ་ཡིན་དུས་ཙ་ནས་གྲོགས་མེད་ཁེར་རྐྱང་གི་ཚོར་བ་དེ་བྱུང་གི་ཡོད། དཔེར་ན། མི་ཞིག་གིས་སོ་སོའི་མཐའ་སྐོར་ལ་རྩིག་པ་མཐོན་པོ་ཞིག་བརྩིགས་བྱས། རྩིག་པ་བརྩིགས་ཡ་ཡི་རྒྱུ་ཆ་དེ་ས་དང་རྡོ་རེད་བ། ཡིན་ནའང་སྐབས་འདི་ལ་རྡོ་མ་ཡིན་པར་རང་ཉིད་ཀྱི་ཚོར་སྣང་གཅིག་པུ་ལ་དོ་སྣང་བྱས་དྲག་པ་ལ་བརྟེན་ནས་གྲུབ་བསྡད་པ་ཞིག་ཡིན་པའི་དབང་ཏུ་བཏང་ན། སོ་སོའི་སྡུག་བསྔལ་དང་སོ་སོ་སྐྱིད་སྡུག་གཅིག་པུ་ལ་ཡང་ནས་ཡང་དུ་བསམ་བློ་བཏང་བྱས་ནས། དེ་འདྲ་བསམ་བློ་བཏང་ཡོང་དུས་ཙ་ནས་སོ་སོ་དམིགས་བསལ་ཞིག་ཡིན་བསམ་བསམ་འདྲ་བོ་འདི་འདྲ་ཞིག་གིས་ཞེན་ཆགས་ཆེན་པོ་ཞིག་སྐྱེས་ཡོང་གི་འདུག །ཞེན་ཆགས་ཆེན་པོ་སྐྱེས་ཡོང་དུས་ཙ་ནས་སོ་སོ་ཆགས་ཞེན་དེའི་ནང་ལ་བཅུག་ཏེ་ཉིན་མཚན་མེད་པར་རྩིག་པ་དེའི་ཁུག་སྐྱོག་ཐམས་ཅད་ལ་ལྟས་ནས་བསྡད་ཀྱི་ཡོད། ཁོས་ཇི་ཙམ་ཞིག་རྩིག་པ་དེ་ཡིས་ཁུག་སྐྱོག་ཐམས་ཅད་ལ་གསལ་པོ་ཡོད་པ་དེ་ཙམ་ཞིག་འཇིག་རྟེན་འདིའི་ཐོག་ལ་ཁོ་རང་གཅིག་པུ་མ་གཏོགས་མེད་པའི་ཚོར་སྣང་ཞིག་སྐྱེས་ཡོང་གི་ཡོད་རེད། རྩིག་པའི་ཕྱི་ལོགས་ཡོད་པའི་དགྲ་འདི་ཚོ་ཡིན་ནའང་ནང་འཛུལ་ཐུབ་ཀྱི་ཡོད་མ་རེད། རྩིག་པའི་ཕྱི་ལོག་གི་འོད་དེ་ཚོ་ཡིན་ནའང་ནང་ལ་ཕོག་ཐུབ་ཀྱི་མ་རེད། དེ་འདྲ་ཡིན་དུས་ཙ་ནས་ཁོ་ལ་གྲོགས་མེད་ཁེར་རྐྱང་གི་ཚོར་བ་ཞིག་ལོས་སྐྱེས། མ་སྐྱེས་པ་མི་སྲིད་པ་ལྟ་བུ་ཞིག་ཆགས་བསྡད་ཀྱི་ཡོད།

མདོར་ན་སོ་སོ་ལག་པས་བཟོས་བཞག་པའི་གྲོགས་མེད་ཁེར་རྐྱང་གི་ཚོར་བའི་རྩིག་པ་བརྟན་པོ་ཞེ་བོ་ཞིག་གི་ནང་སོ་སོ་རང་ཉིད་སོ་སོ་བཅུག་བྱས་བཞག་ཡོད། དེ་འདྲ་ཡིན་དུས་མཚམས་མཚམས་ང་ཡོད་དགོས་ཡ་དང་གསོན་པོ་གནས་དགོས་ཡ་ཡི་དོན་སྙིང་ག་རེ་ཡིན་ན་བསམ་བསམ་འདྲ་བོ། ང་ལ་སྡུག་བསྔལ་ཡོད་དགོས་ཡ་གང་འདྲ་ཡིན་ན་བསམ་བསམ་འདྲ་བོ་འདྲི་བ་དེ་འདྲ་དྲིས་དྲག་པ་ཡིན་ན། ང་ཚོ་ལ་སྐྱོན་ཡོང་གི་རེད། སྐྱོན་གང་འདྲ་ཡོང་གི་རེད་ཅེ་ན། དཔེ་ཆ་བཞག་པ་ཡིན་ན། གར་སྟེགས་ཀྱི་ཐོག་ལ། ཁྱེད་རང་མི་མང་པོ་ཞིག་ལ་ཉམས་མྱོང་བྱུང་ཡོད་ཀྱི་མ་རེད། ང་མཚམས་མཚམས་ཕྱི་རྒྱལ་འགྲོ་དུས་ཙ་ནས་གར་སྟེགས་ཀྱི་ཐོག་ལ་ཆོས་བཤད་དགོས་ཀྱི་ཡོད་རེད། ཆོས་བཤད་དུས་གློག་དེ་སོ་སོ་གཅིག་པུའི་སྒང་ལ་སྤར་ཡོང་བའི་སྐབས། ཕར་ལྟ་ཡོང་དུས་ཙ་ནས་གཞན་དག་ཚང་མ་ནག་ཁུང་ནང་ལ་ཆགས་བསྡད་ཀྱི་ཡོད་རེད། གར་སྟེགས་ཀྱི་འོག་ལ་མི་ཡོད་པ་དེ་ཚོ་མཐོང་གི་མ་རེད། འོད་དེ་མིག་གིས་བཀབ་ནས་ལྟ་ན་མ་གཏོགས་གཞན་དག་གང་གང་མཐོང་གི་མ་རེད། སོ་སོ་གཅིག་པུ་མ་གཏོགས་གཞན་མཐོང་གི་མ་རེད། དེ་ནང་བཞིན་སོ་སོ་གཅིག་པུ་ལ་དོ་སྣང་ཆེ་དྲག་པ་ཟེར་ནའང་འདྲ་འདུག །ང་ལ་སྡུག་བསྔལ་འདི་འདྲ་མྱོང་དགོས་དོན་ག་རེ་ཡིན་ན་བསམ་བསམ་འདྲ་བོ། གཞན་ལ་སྡུང་བསྔལ་མི་མྱོང་བར་ང་གཅིག་པུ་སྡུག་བསྔལ་མྱོང་དགོས་དོན་གང་ཡིན་ན་བསམ་བསམ་འདྲ་བོ་བསམ་བློ་གཏོང་དྲག་པ་ཡིན་ན་སོ་སོ་གཅིག་པུ་མ་གཏོགས་མི་གཞན་པ་མཐོང་ཡ་མེད་པ་འདྲ་བོ་ཚོར་སྣང་ཞིག་ཡོང་བསྡད་ཀྱི་འདུག དེ་འདྲ་ཡིན་དུས་སྐབས་དེ་དུས་ཙ་ནས་ཕན་ཐོགས་ཆེ་ཤོས་དེ་གང་རེད་ཟེར་ན། སོ་སོ་བརྩིགས་བཞག་པའི་རྩིག་པ་དེ་གཏོར་ཡ་དེ་གལ་ཆེ་ཤོས་ཆགས་བསྡད་ཡོད། སོ་སོའི་སེམས་ནང་གི་གནད་དོན་ཆུང་ཆུང་གཅིག་དང་བློ་ཕམ་ཆུང་ཆུང་གཅིག་པུ་ལ་མིག་བལྟས་ནས་མ་བསྡད་པ་བྱས། མིག་རྒྱང་བསྐྱེད་ནས་ཕྱི་ལོགས་ལ་ལྟ་དགོས་རེད། དངོས་པོ་གཞན་དག་ལ་ལྟ་དགོས། ཚོར་བ་དངོས་ལ་ཁ་ཕྱོགས་ནས་སོ་སོ་ཡིས་བསྒྲུབ་དགོས་ཡ་ཡི་ད་དུང་བྱ་བ་ག་རེ་ག་རེ་འདུག །སོ་སོའི་འཁྲིས་ལ་ཡོད་བསྡད་པའི་མི་འདི་ཚོ་ཡི་ཆེད་དུ་སོ་སོ་ག་རེ་ག་རེ་བྱེད་ཐུབ་ཀྱི་ཡོད་མེད་དེ་རྐྱང་རྐྱང་ལ་བསམ་བློ་བཏང་དགོས་མ་གཏོགས། སོ་སོ་གཅིག་པུ་ཡི་བདེ་བ་སྡུག་བསྔལ་ལ་བསམ་བློ་བཏང་བསྡད་པ་ཡིན་ན་གྲོགས་མེད་ཁེར་རྐྱང་གི་ཚོར་སྣང་སྐྱེ་ཡ་དེ་ཉེན་ཁ་ཆེན་པོ་ཡོད་རེད། དེ་ཡང་ང་ཚོས་མི་ངོ་མ་ཞིག་ལ་བརྩེ་བ་སྐྱེ་བར་བྱེད་ཨེ་ཐུབ་ལྟ་དགོས། སོ་སོ་མི་གཞན་དག་ཞིག་གིས་ང་ལ་བརྩེ་བ་བྱེད་ཀྱི་རེད། མི་གཞན་དག་ཞིག་གིས་རོགས་རམ་བྱེད་ཀྱི་རེད་བསམ་བསམ་འདྲ་བོ་དེ་འདྲ་གཅིག་པུ་ཞིག་བསྒུགས་ནས་བསྡད་ན་འགྲིག་གི་མ་རེད། མཐའ་ན་མེ་ཏོག་ཞིག་གསོ་སྐྱོང་བྱེད་ཨེ་ཐུབ་ལྟ་དགོས་རེད། གཞན་དག་གང་བྱེད་མ་ཐུབ་ནའང་མེ་ཏོག་ཞིག་ཉོས་བྱས་མེ་ཏོག་དེ་གསོ་སྐྱོང་བྱེད་ཨེ་ཐུབ་ལྟ་དགོས་རེད། སྤྱི་ཚོགས་ཀྱི་ནང་ལོགས་ལ་ལས་འགུལ་ཆུང་ཆུང་ཞིག་མ་གཏོགས་མེད་པ་ཡིན་ནའང་། དེ་ལ་ཞུགས་ནས་འགན་ཁུར་ཨེ་ཐུབ་ལྟ་དགོས་རེད། སོ་སོ་རང་ཉིད་འཇིག་རྟེན་ཐམས་ཅད་ཀྱི་ལྟེ་བའམ་དཀྱིལ་ལ་ཡོད་པ་འདྲ་བོ་ཞིག་དང་སོ་སོ་རང་ཉིད་མཆོག་ཏུ་འགྱུར་པ་ཡིན་བསམ་བསམ་འདྲ་བོ་ཞིག་གི་བསམ་བློ་མ་བཏང་བ་བྱས། མི་ཚེ་དངོས་ཀྱི་ནང་ལོགས་ལ་ཞུགས་ཐུབ་པ་བྱུང་བ་ཡིན་ན་ག་ལེ་ག་ལེ་གྲོགས་མེད་ཁེར་རྐྱང་གི་ཚོར་བ་དེ་རྩ་བ་ནས་མེད་པ་བཟོ་མི་ཐུབ་པ་ཡིནའང་དེ་ཚོར་བ་དེ་ཉུང་དུ་འགྲོ་ཡ་དང་། ཡང་དུ་འགྲོ་ཡ་ཕན་ཐོགས་ཡོང་གི་རེད།

གསུམ་པ་དེ་སྙིང་རྗེ་དང་ཤ་ཚ་དང་བསམ་ཤེས་ཟེར་ཡ་ཞིག་ཡོད་པ་དེ་དང་སྙིང་རྗེའི་བར་ལ་འབྲེལ་བ་ག་རེ་ཡོད་ཟེར་བ་དེའི་སྐོར་དེ་རེད། ཐེག་པ་ཆེན་པོའི་གཞུང་ལུགས་ནས་བཤད་པའི་སྙིང་རྗེ་ཟེར་ཡ་དེ་སྐྱེ་ཡ་ལས་སླ་བོ་ཞིག་ཆགས་ཀྱི་ཡོད་མ་རེད། སྙིང་རྗེ་ཟེར་ཡ་དེ་གཞན་ལ་སེམས་ཁུར་བྱེད་རྒྱུའི་ཚོར་བ་ཙམ་ཞིག་མ་ཡིན་པ། དེ་ཤེས་རབ་ཀྱི་གྲོགས་དང་བཅས་པའི་སྨོན་འདུན་ཟབ་མོ་ཞིག་དང་མ་གུས་དང་བླངས་ཀྱི་སྤྱོད་པ་ཞིག་ཆགས་བསྡད་ཡོད། བྱས་ཙང་མཚམས་མཚམས་སྙིང་རྗེ་ཟེར་ཡ་དེ་དང་ང་ཚོའི་སྤྱི་ཚོགས་ནང་ལོགས་ལ་བཤད་བསྡད་ཡ་ཡི་སྤྱོད་པ་ཁ་ཤས་དང་ནོར་ཡ་ཡི་ཉེན་ཁ་ཡོད་རེད། དཔེ་ཆ་བཞག་ན། གཞན་ལ་བསམ་ཤེས་བྱེད་ཡ་དེ་དང་སྙིང་རྗེ་གཉིས་ནོར་བའི་ཉེན་ཁ་ཡོད་རེད། བསམ་ཤེས་ཟེར་ཡ་དེ་གཙོ་བོ་གཞན་གྱི་སྡུག་བསྔལ་ལ་མཐུན་ལམ་གྱི་ཚོར་བ་ཞིག་སྐྱེས་ཡ་ལ་བསམ་ཤེས་ཟེར་གྱི་ཡོད་རེད། གཞན་ལ་སོ་སོ་དང་མཐུན་པའི་བདེ་སྡུག་གི་ཚོར་བ་ཞིག་བྱུང་བ་དེ་ལ་ང་ཚོའི་བདེན་ཁ་སྟེར་ཡ་འདྲ་བོ་ཞིག་ལ་བསམ་ཤེས་ཟེར་གྱི་ཡོད་རེད། བསམ་ཤེས་སྐྱེས་པའི་སྐབས་ལ་དེ་དང་མཉམ་དུ་ཤ་ཚ་སྐྱེས་ཡ་དང་ཕན་སེམས་སྐྱེས་ཡ་དང་རོགས་རམ་བྱེད་འདོད་བསམ་པ་ཡང་ཡོང་སྲིད་ཀྱི་རེད། མདོར་ན་བསམ་ཤེས་ཟེར་ཡ་དེ་ངས་ཁྱེད་རང་གི་སྡུག་བསྔལ་ཚོར་ཐུབ་ཀྱི་འདུག་བསམ་བསམ་འདྲ་བོ་ཞིག་གི་ཚོར་སྣང་རེད་འདུག །བསམ་ཤེས་དེ་ལ་ཁྱད་ཆོས་ཞིག་ག་རེ་ཡོད་ཟེར་ན། བསམ་ཤེས་བྱེད་པའི་སྐབས་ལ་རང་དང་གཞན་དེ་ཁ་ཁ་ཞིག་ཡིན་པའི་གནས་སྟངས་ཀྱི་ཐོག་ནས་ངས་ཁྱེད་ལ་ཤ་ཚ་བྱེད་ཀྱི་ཡོད་ཟེར་ཡ་ཡི་རྣམ་པ་ཞིག་ཡོང་གི་ཡོད། མཐའ་ན་བསམ་ཤེས་བྱེད་ཟེར་ཡ་དེ་རང་ཉིད་མཆོག་ཏུ་འཛིན་པ་ཞིག་དང་། རང་དང་གཞན་གྱི་བར་ལ་རྒྱང་ཐག་ཡོད་པ་འདྲ་བོ་ཞིག་གི་རྣམ་པ་ཞིག་རང་བཞིན་གྱིས་འདོན་ཡོང་གི་ཡོད། ཡིན་ནའང་སྙིང་རྗེ་ཟེར་བ་དེ་དང་འདྲ་ཡི་མ་རེད།

སྙིང་རྗེ་དངོས་གནས་ཤིག་སྐྱེས་པ་ཡིན་ན་ངས་ཁོ་ལ་ཟེར་བ་ལྟ་བུའི་བསམ་བློ་གཏོང་སྟངས་ཤིག་ཆགས་ཀྱི་ཡོད་མ་རེད། སེམས་ཅན་གྱི་སྡུག་བསྔལ་དེ་རང་གིས་མྱངས་པ་ལྟ་བུ་ལྟ་ཡ་མ་གཏོགས་པའི་ངས་ཁྱོད་ལ་ཟེར་བའི་བསམ་བློ་དེ་མེད་པ་བྱས། གཞན་གྱི་སྡུག་བསྔལ་དེ་རང་གིས་མྱངས་པ་ལྟ་བུ་ཡིན་ནའང་དེ་ལ་ཆགས་ཞེན་སྐྱེས་ཀྱི་ཡོད་མ་རེད། དེ་བཞིན་སྙིང་རྗེ་ཟེར་ཡ་དེ་སོ་སོ་དགའ་ཉེ་སྤུན་མཆེད་ལྟ་བུ་དམིགས་ཡུལ་བྱེ་བྲག་པ་ཞིག་མ་ཡིན་པར་སེམས་ཅན་ཐམས་ཅད་ལ་མཉམ་པར་ལྟ་ཡ་ཡི་ཡོང་གི་ཡོད། དེ་འདྲ་ཡིན་དུས་ཕྱོགས་གཅིག་ནས་བཤད་པ་ཡིན་ན་ཁ་སང་ཆོས་དྲུག་གི་ནང་ལོགས་ལ་དང་པོ་དད་ལ་གསུངས། དེ་ནས་ཤེས་རབ་གསུངས། དེ་ནས་སྙིང་རྗེ་གསུངས་ཡོད་རེད། བྱས་ཙང་དད་པ་དེ་ཤེས་རབ་དང་འབྲེལ་བ་ཡོད་པ་ཞིག་དང་། དད་པ་ཡོད་པ་ལ་བརྟེན་ནས་ཤེས་རབ་སྐྱེས་ཡ་ཡོད་པ་ཞིག་དང་། ཤེས་རབ་ཡོད་པ་ལ་བརྟེན་ནས་སྙིང་རྗེ་སྐྱེས་ཡ་ཡོད་པ་ཞིག་གི་འགྲོ་སྟངས་ཤིག་ཡོང་བསྡད་ཀྱི་ཡོད། མ་གཞི་དེའི་སྐོར་ལ་མང་པོ་བཤད་ཡ་འདུག་སྟེ་དེ་རིང་འདིར་ཞུ་མ་དགོས་པ་བྱས། མདོར་ན་ཐེག་ཆེན་གྱི་སྙིང་རྗེ་དང་རྟེན་འབྱུང་གི་ལྟ་བ་གཉིས་པོ་དེ་ཁ་བྲལ་ཐབས་མེད་པ་ཞིག་པ་གསལ་པོ་ཆགས་བསྡད་ཡོད། དེ་ཡིས་ནམ་རྒྱུན་ང་རང་ཚོ་སྤྱི་ཚོགས་ནང་ལོགས་ལ་སྙིང་རྗེ་ཟེར་ཡ་དེ་བསམ་ཤེས་ཙམ་གོ་བ་ལེན་མཁན་འདུག། དེ་འདྲ་མ་ཡིན་པ་སྙིང་རྗེ་ཟེར་བ་དེ་བསམ་ཤེས་བྱེད་ཡ་ལས་ལྷག་པ་ཞིག་ཡིན་པ་འགྲེལ་བཤད་མདོར་བསྡུས་ཤིག་ཞུས་ཏེ་བཞག་པ་ཡིན།

གཤམ་ལ་དེང་དུས་འཚོ་བའི་ཁྲོད་དུ་སྙིང་རྗེ་ཟེར་ཡ་དེ་སྐྱེ་ཡ་ལ་དཀའ་ལས་ཁག་པོ་ཡོད་པ། སྙིང་རྗེ་སྐྱེས་ཡ་བར་ཆད་ཆེན་པོ་ཡོད་པ། བར་ཆད་ག་ཚད་ཡོད་རེད་ཟེར་ན། དེང་དུས་ཀྱི་འཚོ་བའི་ནང་གི་ཁྱད་ཆོས་མང་པོ་ཞིག་ལ་བརྟེན་ནས་ང་ཚོ་ལ་སྙིང་རྗེ་དེ་སྤྱི་ཚོགས་སྔོན་མ་དེ་ལས་སྐྱེ་དཀའ་ལས་ཁག་པ་ཡོད། ཡིན་ནའང་སྙིང་རྗེ་རྦད་དེ་སྐྱེ་སྲིད་ཀྱི་མ་རེད་ལབ་ཀྱི་ཡོད་མ་རེད། སྙིང་རྗེ་སྐྱེ་བར་དཀའ་ལས་ཁག་པོ་ཡོད། དེ་ལས་ལྡོག་སྟེ་སྙིང་རྗེ་ཟེར་བ་དེ་སྐྱེ་དཀའ་ལས་ཁག་པ་ཡིན་ཙང་དེ་ལས་རིན་ཐང་ཆེ་རུ་འགྲོ་ཡ་ཞིག་དང་། དགོས་མཁོ་ཆེ་རུ་འགྲོ་ཡ་ཆགས་བསྡད་ཀྱི་ཡོད།་དེ་འདྲ་ཡིན་དུས་གཤམ་ལ་སྙིང་རྗེ་སྐྱེ་ཡ་བར་ཆད་ག་རེ་ཡོད་པ། མི་མཐུན་ཕྱོགས་བར་ཆད་ག་རེ་ཡོད་པ། མཐུན་ཕྱོགས་སྙིང་རྗེ་སྐྱེ་བ་ལ་གོ་སྐབས་ག་རེ་ཡོད་པ་དེ་གཉིས་ཀྱི་ཐོག་ནས་ཏོག་ཙམ་འགྲེལ་བཤད་འདྲ་ཞུས་ནས་དྲན་སོང་།

དང་པོ་སྙིང་རྗེ་སྐྱེ་ཡ་བར་ཆད་ག་རེ་ཡོད་པ་ཞུས་ན། དང་པོ་དེ་དབང་པོ་ལ་ཁུར་ལྕི་དྲག་པ་དང་ཉམས་ཐག་ལ་ཐང་ཆད་པའི་རྣམ་པ་ཡོང་གི་ཡོད་རེད། དེའི་དོན་གང་རེད་ཅེ་ན། དཔེར་ན་ང་ཚོ་མིའི་རྣ་བའི་དབང་པོ་ལ་སོགས་པ་ལ་དེང་སང་ལྗིད་ཁོག་ཆེ་རུ་ཆེ་རུ་འགྲོ་གི་ཡོད། མི་གཞན་དག་ལ་ཐང་ཆད་ཡ་དུས་ཚོད་ཞིག་ལ་སླེབས་བསྡད་ཡོད། གནས་སྟངས་དེ་འདྲ་ཞིག་ཆགས་དགོས་པའི་རྒྱུ་མཚན་གཉིས་ཙམ་ཡོད། དང་པོ་དེ་གང་རེད་ཅེ་ན། དེང་སང་ཆ་འཕྲིན་གྱི་དུས་རབས་ཤིག་ཆགས་བསྡད་ཡོད། ཨིན་ཕོར་མཱ་ཤོན་ (information) ཆ་འཕྲིན་དེ་མང་དྲག་ནས་ང་ཚོས་ཉིན་མ་རྟག་པ་ཞིག་དྲྭ་ལམ་བརྒྱུད་འཛམ་བུ་གླིང་ཁྱོན་ཡོངས་ཀྱི་དཀའ་ངལ་ག་རེ་ཡོང་གི་ཡོད་པ། དཔེར་ན་དམག་འཁྲུག་ས་ཆ་ག་ལ་ལང་གི་ཡོད་པ། འབྱུང་བའི་འཇིག་པ་ག་རེ་ཡོང་གི་ཡོད་པ། དྲང་བདེན་མ་ཡིན་པའི་གནས་ཚུལ་ག་རེ་ཡོང་གི་ཡོད་པ་ཨིན་ཕོར་མཱ་ཤོན་ (information) དེ་དག་ཆར་བབ་ནང་བཞིན་བྱས་ནས་སླེབས་ཡོང་གི་ཡོད་རེད། དེ་ཡང་གནས་ཚུལ་ཆ་ཚང་བ་ཞིག་སླེབས་ཀྱི་ཡོད་མ་རེད། གནས་ཚུལ་ཐོར་བུ་བ་མང་པོ་ཞིག་ང་ཚོས་ཉིན་མ་རྟག་པ་མཐོང་གི་ཡོད་རེད། འཛམ་བུ་གླིང་ལ་དཀའ་ངལ་བྱུང་བའི་གནས་ཚུལ་དེ་དག་ང་ཚོ་ལ་ཡང་ནས་ཡང་དུ་སླེབས་ཡོང་དུས་ཙ་ནས། ང་ཚོའི་ཀླད་པ་དེ་ཁོ་རང་ལ་སྲུང་སྐྱོབ་བྱེད་ཡ་ཡི་ནུས་པ་ཞིག་ཡོད་རེད། སྡུག་བསྔལ་ཆ་མང་པོ་ཞིག་བསྐུར་ཡོང་དུས་ཙ་ནས་ལམ་སང་ཀླད་པ་དེ་ཁོ་རང་སྲུང་སྐྱོབ་བྱེད་ཡ་ཡི་ནུས་པ་དེ་སྒོ་ཕྱེ་ཡོང་གི་ཡོད་རེད། ད་ཉེན་ཁ་འདུག་བསམ་བསམ་འདྲ་བོ་ཞིག་ཆགས་ཡོང་དུས་ཁོ་སྒོ་ཕྱེ་ཡོང་གི་རེད། དང་པོ་དེ་གནས་ཚུལ་མཐོང་ཡོང་དུས་ཧང་སང་སང་འདྲ་བོ་ཞིག་སྡུག་པོ་འདི་འདྲ་ཞིག་བྱུང་འདུག་ཅེས་སེམས་ལ་བསམ་ཤེས་བྱ་ཐུབ་ཡ་འདྲ་བོ་ཡོང་གི་རེད་དེ། རིམ་པས་བཞིན་ང་ཚོའི་བློ་དེ་དྲེད་ནས་དོ་སྣང་མི་བྱེད་མཁན་ཞིག་ལ་འགྱུར་འགྲོ་ཡི་ཡོད་རེད། བསམ་ཤེས་བྱེད་ཡ་ལ་ཐང་ཆད་པའི་གནས་སྟངས་ཞིག་ལ་ལྷུང་འགྲོ་ཡི་ཡོད་རེད། གནས་ཚུལ་མང་ཐག་ཆོད་ནས་ཚང་མ་ལ་བསམ་ཤེས་བྱེད་རྒྱུ་མ་འདང་བའི་བཟོ་འདྲ་བོ་དང་ཐང་ཆད་པའི་རྣམ་པ་ཞིག་ཡོང་བསྡད་ཡོད། སྤྱིར་བཏང་གི་ང་ཚོའི་ཀླད་པ་ལ་ཉིན་མ་རེ་རེ་ལ་གནས་ཚུལ་ག་ཚོད་ལེན་ཐུབ་ཀྱི་ཡོད་པ། བདེ་སྡུག་གི་ཚོར་བ་ག་ཚད་ལེན་ཐུབ་ཀྱི་ཡོད་མེད་དེ་ཚད་གཅིག་ཡོད་རེད། འཛམ་བུ་གླིང་ཡོངས་རྫོགས་ཀྱི་དཀའ་སྡུག་ཚང་མ་ང་ཚོས་ལེན་ཐུབ་ཀྱི་མ་རེད། ཀླད་པའི་ནང་ཤོང་གི་མ་རེད། ད་ལྟ་གནས་ཚུལ་མང་པོ་ཞིག་སླེབས་ཡོང་དུས་ཀླད་པའི་ནང་ལ་མ་ཤོང་བ་བྱས་ཀླད་པས་བཟོད་མ་ཐུབ་པ་བྱས་ནས་ག་ལེར་ག་ལེར་ཀླད་པ་ཁོ་རང་སྲུང་སྐྱོབ་བྱེད་ཡ་ཡི་ནུས་པ་དེ་སྒོ་ཕྱེ་ཡོང་དུས་ཙ་ནས་ང་ཚོ་ཚོར་བ་མེད་པ་ཆགས་ཀྱི་ཡོད།

རྒྱུ་མཚན་གཉིས་པ་དེ་གང་རེད་ཟེར་ན། བར་ཐག་ཡོད་པའི་ཚོར་བ། དེ་གང་རེད་ཟེར་ན། ང་ཚོས་འཛམ་བུ་གླིང་གི་དཀའ་ངལ་ག་རེ་བྱུང་བ་ཡིན་ནའང་དངོས་མཐོང་གི་ཡོད་མ་རེད། ཁ་པར་དང་ཀཱམ་པུ་ཊར་གློག་ཀླད་ལྟ་བུ་བརྙན་ཆས་བརྒྱུད་དེ་མཐོང་གི་ཡོད་རེད། དངོས་ཡོད་གནས་ཚུལ་དང་ང་ཚོའི་བར་དུ་བར་ཐག་ཡོད་སྡོད་པ་ཞིག་ཆགས་སྡོད་ཡོད། ང་ཚོ་དང་སྡུག་བསྔལ་མྱོང་མཁན་བར་དངོས་སུ་འབྲེལ་བ་ཡོད་མ་རེད། ལག་པས་བརྙབ་ན་བརྙབ་ཡ་ཡོད་མ་རེད། དེ་འདྲ་ཡིས་བར་ཐག་ཡོད་པ་དེ་ཡིས་སྙིང་རྗེ་བསམ་པ་དེ་དོན་སྤྱི་བློ་ལ་འཆར་བའམ། དུས་ཡུན་ཐུང་ཐུང་ཞིག་ལ་ད་དེ་འདྲ་ཞིག་བྱུང་འདུག་བསམ་བསམ་འདྲ་བོ་ཞིག་གི་ཚོར་བ་སྐྱེས་ཡ་གཅིག་མ་གཏོགས་རྒྱུན་མཐུད་ནས་དེ་ལ་དོ་སྣང་བྱེད་ཡ་གཅིག་དང་། ལག་ལེན་དངོས་ལ་ཕན་ཐོགས་བསྒྲུབ་ཡ་དེ་དཀའ་ལས་ཁག་པོ་ཆགས་བསྡད་ཡོད། ལྷག་པར་དུ་ཁ་པར་ནང་ལ་གནས་ཚུལ་མང་པོ་ཞིག་སླེབས་ཡོང་དུས་ཙ་ནས་གནས་ཚུལ་དེ་བྱུང་རིམ་བཞིན་དུ་ཡར་བཏང་བཞག་གི་ཡོད་རེད། སྡུག་ཅག་ཞིག་འདུག་ན་ཡང་ཡར་བཏང། གཞན་དག་ཞིག་ལྟ་ནས་འགྲོ་སྡོད་ཀྱི་འདུག ། དེ་འདྲ་བྱས་ཡོང་དུས་ཙ་ནས། དུས་ཡུན་ཐུང་ཐུང་ཞིག་གི་ནང་ལོགས་ལ་དེ་འདྲ་ཞིག་བྱུང་འདུག་བསམ་བསམ་འདྲ་བོ་ཞིག་ཆ་སྤྲད་པའི་བཟོ་མ་གཏོགས་དེ་ལ་ཞེ་བོ་ཞིག་གིས་དོ་སྣང་བྱེད་ཐུབ་ཡ་དེ་དཀའ་ལས་ཁག་པོ་ཆགས་ཀྱི་ཡོད་རེད། དེ་བར་དང་པོ་དེ་རེད། བར་ཆད་གཉིས་པ་ག་རེ་རེད་ལབ་པ་ཡིན་ན། སྒེར་སེམས་རིང་ལུགས་ཀྱི་གནོན་ཤུགས་དེ་རེད། དེ་ག་རེད་ལབ་ན། དེང་སང་མིའི་ནང་ལོགས་ལ་ག་རེ་གལ་ཆེན་པོ་བརྩི་ཡི་ཡོད་རེད་ཟེར་ན། མི་སྒེར་གྱི་གྲུབ་འབྲས་དེ་གལ་ཆེན་པོ་བརྩི་ཡི་ཡོད་རེད། མི་གཞན་དག་མཉམ་དུ་འགྲན་བསྡུར་བྱེད་ཡ་དེ་གལ་ཆེན་པོ་བརྩི་ཡི་ཡོད་རེད། ལས་ཆོད་ཆེ་ཆུང་ངམ་མི་གཅིག་གིས་བྱ་བ་ཞིག་དུས་ཡུན་ཐུང་ཐུང་ཞིག་ནང་ལ་སྒྲུབ་ཐུབ་པ་བྱུང་བ་ཡིན་ན་ཞེ་བོ་ཞིག་ཡག་པོ་བརྩི་ཡ་ཡི་བསམ་བློ་གཏོང་སྟངས་འདི་འདྲ་ཞིག་ཡོང་བསྡད་ཀྱི་ཡོད་རེད། དེ་འདྲ་ཡི་སྣང་ཚུལ་དེ་ལ་བརྟེན་བྱས་ནས་ང་ཆེ་ང་བཙན། དྲག་རྒྱལ་ཞན་ཕམ་གྱི་བསམ་བློ་དེ་སྐྱེས་ཡ་ལས་སླ་ཞེ་བོ་ཞིག་ཆགས་ཀྱི་ཡོད། སྤྱི་ཚོགས་ཁོ་རང་སྒེར་གྱི་གྲུབ་འབྲས་སྟོན་ཡ་དང་། འགྲན་བསྡུར་བྱེད་ཡ་དང་། ལས་ཆོད་ཆེ་བ་མི་གཅིག་གིས་དུས་ཐུང་ཐུང་ཞིག་གི་ནང་ལོགས་ལ་ལས་སྒྲུབ་ཐུབ་པ་ཡིན་ན་དེ་ལ་བསྔགས་བརྗོད་བྱེད་ཡ་དང་། གཞན་དག་དེ་ལ་ལས་དོན་ཡང་པོ་སྒྲུབ་མ་སོང་བྱས་གཤེ་གཤེ་གཏོང་ཡ་འདྲ་བོ་ཞིག་ཡོང་གི་ཡོད་རེད། དེ་གང་འདྲ་བྱས་ནས་ཡོང་བསྡད་ཀྱི་ཡོད་རེད་ཟེར་ན། མི་གཞན་དག་ཐམས་ཅད་དེ་སོ་སོ་ལ་འགྲན་ཟླ་བྱེད་མཁན་འདྲ་བོ་ཞིག་དང་སོ་སོ་ལ་ཁ་གཏད་ཡིན་བསམ་བསམ་འདྲ་བོ་ཞིག་ལ་མཐོང་གི་ཡོད་རེད། ཐུན་མོང་ལ་རང་བཞིན་གཅིག་པ་ཡིན་བསམ་བསམ་འདྲ་བོ་ཞིག་ལ་ལྟ་ཡི་ཡོད་མ་རེད།

དེ་ཙམ་དུ་མ་ཟད་པར་མཚམས་མཚམས་སུ་ཉམས་ཆུང་ལ་སྙིང་རྗེ་བྱེད་ཡ་དེ་སོ་སོ་ལ་སྟོབས་ཤུགས་མེད་པར་མཚོན་བྱེད་འདྲ་བོ་ཞིག་དང་། དུས་ཚོད་ཆུད་ཟོས་སུ་གཏོང་གི་འདུག་བསམ་པ་འདྲ་བར་ངོས་འཛིན་བྱེད་མཁན་ཡང་ཡོང་གི་འདུག །དེ་ག་ནང་བཞིན་གྱི་དེང་སང་འཚོ་བའི་གོམ་འགྲོས་དེ་མགྱོགས་པོ་ཡིན་དུས་ཙ་ནས། ང་ཚོ་ག་དུས་ཡིན་ན་ཡང་མི་ཁོམ་མི་ལྕོགས་ནས་སྡོད་ཡ་ཞིག་དང་། ག་དུས་ཡིན་ན་ཁོམ་གྱི་མི་འདུག །ལྕོགས་ཀྱི་མི་འདུག་ཟེར་ནས་སྡོད་དུས། དེ་འདྲ་བའི་ནང་ལོགས་ལ་དོ་སྣང་སྤྲོད་ས་ཚང་མ་སོ་སོའི་འཚོ་བ་སྐྱེལ་སྟངས། ཁང་པ་ལ་ཁང་གླ་སྤྲོད་སྟངས། ཆུ་ལ་ཆུ་རིན་སྤྲོད་ཡ། གློག་ལ་གློག་རིན་སྤྲོད་ཡ། སོ་སོའི་ཕྲུག་གུ་ལ་སློབ་གསོ་གཏོང་ཡ་སོགས་ལ་དུས་ཚོད་ཆ་ཚང་བ་རྫོགས་བྱས། དོ་སྣང་བྱེད་ས་དེ་སོ་སོ་གཅིག་པོའི་གནས་སྟངས་མ་གཏོགས་གཞན་དག་ལ་དོ་སྣང་བྱེད་ཐུབ་ཀྱི་ཡོད་མ་རེད། ངས་སོ་སོའི་དཀའ་ངལ་སེལ་ཐུབ་ཀྱི་མི་འདུག མི་གཞན་དག་ལ་དོ་སྣང་བྱེད་རྒྱུ་ཕར་ཚད་ཚུར་ཚད་རེད་བསམ་པའི་གནས་སྟངས་ཤིག་གི་ནང་དུ་ལྷུང་ནས། མི་གཞན་དག་ལ་བརྩེ་བ་བྱེད་ཡ་ཡི་གོ་སྐབས་ཁོ་རང་རག་གི་ཡོད་མ་རེད། སྙིང་རྗེ་བསྐྱེད་དགོས་རེད་ཟེར་ཡ་དེ་རྒྱས་སྤྲོས་བྱེད་ཡ་འདྲ་རེད་མ་གཏོགས་སྤྱིར་བཏང་མི་ཞིག་གིས་སྒྲུབ་ཡ་མེད་པ་ཞིག་སྔོན་མའི་མི་ཡིན་ན་དུས་ཚོད་སྟོང་པ་མང་པོ་ཞིག་འདུག །དེང་སང་མི་ཚང་མ་ལས་ཀ་བྱས་ཏེ་མཚན་ལ་གཉིད་ཅིག་ཁུག་གི་ཡོད་རེད་མ་གཏོགས་ཉིན་མ་ཉིན་གང་བྲེལ་བྲེལ་འཚུབ་འཚུབ་གཅིག་གི་ནང་ལོགས་ལ་དུས་ཚོད་རྫོགས་ནས། དེའི་བར་དུ་མི་གཞན་དག་ལ་བསམ་བློ་གཏོང་ཡ་ཡི་གོ་སྐབས་ཞེ་དྲག་མེད་པ་ལ། སོ་སོའི་གནས་ཚུལ་རྐྱང་རྐྱང་ཐག་མ་ཆོད་ནས། དེ་རྐྱང་རྐྱང་དཀའ་ངལ་སེལ་མ་ཐུབ་ནས་བསྡད་སྡོད་ཡ་འདྲ་བོ་ཞིག །དེ་འདྲ་ཡིན་དུས་དེའི་དཀྱིལ་ལ་སྙིང་རྗེ་སྒོམ་དགོས་ཟེར་དུས། དེ་ལབ་རྒྱུ་འདྲ་བོ་ཞིག་རེད། ཁྱོད་རང་སྐྱིད་པོ་དང་ཕྱུག་པོ་ཡོད་པ་དེ་ཚོས་བྱེད་ཡ་ཞིག་རེད་མ་གཏོགས་པས། ང་ཚོ་མི་ཕལ་པས་བྱེད་ཡ་ཞིག་མ་རེད་བསམ་བསམ་གྱི་བསམ་བློ་ཞིག་ཡོང་སྡོད་ཀྱི་འདུག །

གསུམ་པ་དེ་རྫས་སྤྱོད་རིང་ལུགས་དང་སེམས་ཚོར་ཚོང་ཟོག་ཏུ་འགྱུར་བ་ཟེར་ཡ་དེ་ཡིན་པ་རེད། རྫས་སྤྱོད་རིང་ལུགས་ཟེར་དུས་དེང་སང་ཅ་ལག་སོགས་ཚོང་བཙོང་ནས་རྫས་སྤྱོད་རིང་ལུགས་ཟེར་བ་དེ་ཞེ་བོ་དར་བསྡད་འདུག་ག །རྫས་སྤྱོད་རིང་ལུགས་དེས་ང་ཚོ་ལ་དཀའ་ངལ་ག་རེ་སྤྲོད་ཀྱི་ཡོད་རེད་ཟེར་ན། སོ་སོའི་འདོད་པ་ལྟར། སོ་སོའི་འཚོ་བ་ག་རེ་ཡོད་པ། དེ་ལ་ཡང་ནས་ཡང་དུ་དོ་སྣང་བྱེད་བཅུག་གི་འདུག་ག །དཔེར་ན་ཁ་པར་ནང་དུ་ཁྱབ་བསྒྲགས་མང་པོ་ཡོང་ཡ་དང་། དེ་ག་ནང་བཞིན་ཡར་མར་རླུང་འཁོར་ནང་དུ་འགྲོ་བའི་སྐབས་སུ་ཁྱབ་བསྒྲགས་མང་པོ་ཞེ་བོ་ཞིག་ཡོང་གིན་འདུག་ག དེས་ང་ཚོ་ལ་འདོད་པ་ཆེ་རུ་གཏོང་ཡ་ཞིག་ཡོང་སྡོད་ཀྱི་ཡོད་རེད། འདི་ཡང་ཁྱོད་ལ་ཐོབ་ཡོད་མ་རེད། འདི་ཡང་ཁྱོད་ལ་ཐོབ་ཡོད་མ་རེད། ཁྱོད་ལ་འདི་མེད་ན་མེད་ཐབས་མེད་པ་རེད་ཟེར་བ་འདྲ་བོའི་ཁྱབ་བསྒྲགས་མང་པོ་ཞིག་ཡོང་སྡོད་ཀྱི་འདུག་ག །ཁྱབ་བསྒྲགས་མང་པོ་ཞེ་བོ་ཞིག་ཡོང་གི་ཡོད་པ་ལ་བརྟེན་ནས། སོ་སོའི་འདོད་པ་ཆེ་རུ་འགྲོ་ཡ་ཞིག་དང་། དཔེར་ན་སོ་སོ་ཚོར་བ་ང་འདི་དགའ་ཡི་འདུག ང་འདི་དགའ་ཡི་འདུག་བསམ་པའི་ཚོར་བ་ཆེ་རུ་གཏོང་སྡོད་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་སོ་སོའི་དོ་སྣང་བྱེད་ས་དེ། མུ་མཐུད་དེ་སོ་སོའི་འདོད་པ་ག་རེ་ཡོད་པ་དེ་ལ་དོ་སྣང་བྱེད་ཡ་མ་གཏོགས་མི་གཞན་དག་དོ་སྣང་བྱེད་ཡ་དེ་ཏོག་ཙམ་ཉུང་དུ་འགྲོ་ཡ་ཡོང་གིན་འདུག །

དེ་ག་ནང་བཞིན་གི་དེང་སང་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་བརྒྱུད་བསྐུལ་བྱེད་ཡ་ཟེར་ཡ་དང་། དེ་བཞིན་དུ་ངས་གློག་བརྙན་འདི་འདྲ་ཞིག་བཟོས་ཡོད། དེའི་འོག་ཏུ་སཱབ་ས་ཀ་རིབ (Subscribe) དང་བསྔགས་བརྗོད་ཞིག་བྱེད་རོགས་གྱིས་ཟེར་ཡ་འདྲ་བོ། དེས་ག་རེ་ཡོང་གི་ཡོད་རེད་ཟེར་ན། གཞན་ལ་དོ་ཁུར་ཟབ་མོ་བྱེད་ཡ་ཞིག་ཡོད་རེད་བ། དེ་མ་བྱས་པ་བྱས དེ་ག་ཙམ་དོ་ཁུར་བྱེད་ཡ་དེ་ལས་སླ་པོ་ཆགས། དཔེར་ན་ཡུ་ཊུབ་ (Youtube) ནང་དུ་གློག་བརྙན་བཟོས་མཁན་དེས། འདི་བརྒྱུད་བསྐུལ་ཞིག་བྱེད་རོགས་གྱིས། བརྒྱུད་བསྐུལ་ཞིག་བྱས་པ་ཡིན་ན། དེས་ང་ལ་ཞེ་བོ་ཞིག་ཕན་ཐོགས་ཀྱི་ཡོད་ཟེར་ནས་བཤད་ཡོང་དུས། སོ་སོས་ཡིན་ན་ཡང་དེ་བརྒྱུད་བསྐུལ་ཞིག་བྱས་པ་ཡིན་ན་ལས་ཀ་དཔེ་བཟང་པོ་ཞེ་བོ་ཞིག་བསྒྲུབས་ཡོད་བསམ་པའི་འཁྲུལ་སྣང་ཞིག་སྐྱེ་ཡོང་གི་འདུག དེ་ལ་བརྟེན་བྱས་ནས་ལག་ལེན་དངོས་ལ་གཞན་ཕན་བསྒྲུབ་ཡ་ཡི་ནུས་པ་ཆུང་དུ་འགྲོ་ཡི་ཡོད་རེད། དེ་འདྲ་ཡིན་དུས་སྙིང་རྗེ་ཟེར་ཡ་དེ་སླ་པོ་ཞེ་བོ་ཞུག་ཆགས་བསྡད་ཡོད་རེད། དེ་ག་ནང་བཞིན་གྱི་སྙིང་རྗེ་ཟེར་ཡ་དེ་ཚོང་ཟོག་འདྲ་བོ་ཞིག་ཆགས་བྱས། དངོས་གནས་བྱས་པ་ཡིན་ན་བརྒྱུད་བསྐུལ་བྱེད་ཡ་དེ་དངོས་གནས་དྲངས་གནས་ཀྱི་ལག་ལེན་དངོས་ལ་གཞན་ཕན་བསྒྲུབ་ཡ་ཞིག་མ་རེད་བ། དེ་མཛུག་གུ་འགུལ་ཙམ་བྱེད་ཡ་ཞིག་རེད་བ། མཛུག་གུ་འགུལ་ས་བྱས་པ་ཞིག་ལ་གཞན་ཕན་བསྒྲུབས་པ་རེད་ཟེར་ལབ་ཐུབ་ཀྱི་མ་རེད། དེ་འདྲ་ཡིན་དུས་ཙ་ནས་ང་ཚོས་གཞན་ཕན་བསྒྲུབ་ཡ་དེ་སླ་རུ་སླ་རུ་འགྲོ་ཡ་དང་རིན་ཐང་ཞེ་དྲག་མེད་བསྡད་མཁན། གཏིང་ཟབ་མོ་ཞེ་དྲག་མེད་བསྡད་མཁན། ཚོང་ཟོག་གི་བཟོ་འདྲ་ཆགས་འགྲོ་བའི་ཉེན་ཁ་ཞིག་ཡོད་རེད།

མཐའ་མ་བཞི་པ་དེ་ང་རང་ཚོས་སྙིང་རྗེ་སྒོམ་ཡ་ལ་དེང་སང་བར་ཆད་ག་རེ་ཡོད་རེད་ཟེར་ན། ཉམས་ཆུང་ཕྱིར་འབུད་དང་བཟང་ཕྱོགས་ཀྱི་ནུས་པ་མངོན་ཞེན་བསྐྱེད་པ་ཟེར་ཡ་དེ་རེད། དེ་ག་རེ་ཟེར་ན། དེང་དུས་ཀྱི་སྤྱི་ཚོགས་ནང་ལོགས་ལ་བཟང་ཕྱོགས་ལ་བསམ་བློ་གཏོང་ཡ། དེ་ག་ནང་བཞིན་གྱི་བློ་རྩ་བརྟན་པོ་བྱེད་ཡ། དེ་ཚོ་ཡག་པོ་རེད་ཅེས་བསྔགས་བརྗོད་ཞེ་བོ་བྱེད་ཀྱིན་ཡོད་རེད་བ། སྡུག་བསྔལ་ཉམས་ཆུང་བྱེད་ནས་བསྡོད་ཡ་དང་ཕམ་ཁ་ཁུར་ནས་བསྡོད་ཡ་དེ་ཡག་པོ་མ་རེད་ཟེར་བའི་སྐད་ཆ་མང་པོ་ཡོང་སྡོད་ཡོད་རེད། མཚམས་མཚམས་སོ་སོ་ལ་སྡུག་བསྔལ་ཡོད་པའི་སྐོར་དང་སོ་སོ་ལ་བསམ་ཤེས་བྱེད་དགོས་སྐོར་བཤད་པ་ཡིན་ན། ཁོ་དཔེ་ངན་པའི་བསམ་བློ་གཏོང་ཕྱོགས་ཀྱི་ནུས་པ་ཆེན་པོ་འདུག་ཟེར་ནས། ངན་ཕྱོགས་ཀྱི་ནུས་པ་ཡོད་པའི་ཁ་བྱང་འདྲ་བོ་ཞིག་སྦྱར་ཡོང་གི་འདུག་ག །དེ་འདྲ་ཡིན་དུས། སྣང་ཚུལ་དེ་ལ་བརྟེན་ནས། ང་ཚོས་སྡུག་བསྔལ་ཉམས་སུ་མྱོང་ཡ་དང་དེ་ལ་སྙིང་རྗེ་སྒོམ་ཡ་ཡི་གོ་སྐབས་དེ་མང་པོ་ཞིག་ཤོར་འགྲོ་ཡི་འདུག ང་ཚོ་ཚང་མ་ལ་སོ་སོའི་སྡུག་བསྔལ་ཡིན་ན་ཡང་རེད། མི་གཞན་དག་གི་སྡུག་བསྔལ་ཡིན་ན་ཡང་རེད། དེ་ལ་གཏིང་ཟབ་མོའི་སྒོ་ནས་དོ་སྣང་བྱེད་ཡ་ཡི་སྤོབས་པ་མེད་པ་བྱས། དོ་སྣང་བྱེད་མི་ཕོད་པའི་ཟོལ་འདྲ་བོ་ཞིག་ཆགས་འགྲོ་ཡི་འདུག་ག དེ་བྱེད་མ་ཕོད་པ་ཡིན་ན་སྙིང་རྗེ་སྐྱེ་ཡ་ཡི་རྨང་གཞི་ཁོ་རང་མེད་པ་ཆགས་འགྲོ་ཡི་རེད། དེ་འདྲ་ཡིན་དུས་ཙ་ནས་དེང་སང་དུས་ཚོད་ལ་སྙིང་རྗེ་སྐྱེ་ཡ་ལ་བར་ཆད་མི་འདྲ་བ་བཞི་ཚད་ཡོད་རེད།

ཡིན་ན་ཡང་ཕྱོགས་གཅིག་ནས་བཤད་པ་ཡིན་ན་དེང་དུས་ཀྱི་འཚོ་བའི་ཁྲོད་ལ་བརྟེན་བྱས་ནས་སྙིང་རྗེ་སྐྱེ་ཡི་གོ་སྐབས་གསར་པ་ཡིན་ནའང་མང་པོ་ཞིག་རག་གི་ཡོད་རེད། སྤྱིར་བཏང་སྙིང་རྗེ་སྐྱེ་ཡ་ལ་འགལ་རྐྱེན་མང་པོ་ཡོད་རེད། འགལ་རྐྱེན་མང་པོ་ཡོད་མེད་ལ་མ་ལྟོས་པར་དེང་དུས་ཀྱི་གནས་ཚུལ་ཁ་ཤས་ཞིག་ལ་བརྟེན་ནས། སྔར་ལས་བཟང་བའི་ཤེས་རབ་དང་བརྟན་པོ་ཡོད་པའི་སྙིང་རྗེའི་ཉམས་ལེན་བྱེད་ཡ་ལ་ཆ་རྐྱེན་མང་པོ་ཞིག་བསྐྲུན་ཡོང་གི་ཡོད་རེད། དང་པོ་དེ་ག་རེད་ཟེར་ན། ང་ཚོ་སྔོན་གྱི་ལོ་རྒྱུས་གང་ལས་ཀྱང་ལྷག་པའི་གནས་སྟངས་གསར་པ་ཞིག་ག་རེ་མཐོང་ཐུབ་ཀྱི་ཡོད་ཟེར་ན། ང་རང་ཚོ་འགྲོ་བ་མིའི་རིགས་ཀྱི་ལས་དབང་དེ་ཕན་ཚུན་གཅིག་ལ་གཅིག་གིས་འབྲེལ་བ་དམ་པོ་ཡོད་པ་གནས་སྟངས་དེ་སྔ་ལས་གསལ་བ་ཞིག་ང་ཚོས་ཤེས་ཐུབ་ཀྱི་ཡོད་རེད། དཔེར་ན་གནམ་གཤིས་ཀྱི་འགྱུར་ལྡོག་ཡིན་ན་ཡང་འདྲ། ཏོག་དབྱིབས་ན་ཚ་ན་དུས་སྐབས་སུ་ང་རང་ཚོ་མི་ཚང་མ་ལས་དབང་གཅིག་འགྱུར་ཡིན་པའི་རྣམ་པ་དེ་གསལ་པོ་ཞེ་བོ་ཞིག་མཐོང་ཐུབ་ཀྱི་འདུག་ག །དེ་འདྲ་མཐོང་པ་ལ་བརྟེན་ནས་ཐེག་པ་ཆེན་པོས་བཤད་པའི་སྙིང་རྗེ་ཆེན་པོ་སྐྱེ་ཡ་གོ་སྐབས་མང་དུ་འགྲོ་ཡི་ཡོད་རེད། ས་ཐག་རྒྱང་ལོད་ཡིན་ན་ཡང་འདྲ། ངོ་ཤེས་མ་ཤེས་ག་འདྲ་ཞིག་ཡིན་ན་ཡང་འདྲ། ཡང་ན་རིགས་གཞུང་མི་འདྲ་བའི་མི་དེ་ཚོ་ལ་ཡང་ང་ཚོས་སེམས་ཁུར་བྱེད་ཡ། དོ་སྣང་བྱེད་ཡ་ཡི་གོ་སྐབས་གསར་བ་ཞིག་ཡོང་བསྡད་ཡོད། བསྐལ་པ་སྔ་མོ་ཡིན་ན་ང་ཚོའི་མི་རབས་རྒན་པ་དེ་ཚོས་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟེར་དུས་ནམ་མཁའ་ལ་མིག་འདྲ་བལྟས་བསྡད་ན་མ་གཏོགས་པས། འཛམ་བུ་གླིང་ཆ་ཚང་མཐོང་ཐུབ་ཀྱི་ཡོད་མ་རེད། ནམ་མཁས་ཁྱབ་པ་དེ་ལ་སེམས་ཅན་ཡོད་རེད་བསམ་བསམ་གྱིས་གནམ་ལ་ཡར་མིག་བལྟས་ན་མ་གཏོགས་པས། དངོས་གནས་དྲངས་གནས་ཀྱི་ག་བ་ཡོད་པ་ཧ་གོ་ཡི་མ་རེད་བ།

ཡིན་ན་ཡང་དེང་དུས་འཛམ་གླིང་ཤར་ནུབ་ག་འདྲ་ཡོད་པ་ཡིན་ན་ཡང་ང་ཚོས་ཧ་མ་གོ་བ་ཡོད་མ་རེད་བ་ཞིག་ཕལ་ཆེར་ཡོད་མ་རེད་བ། དེ་འདྲ་ཡིན་དུས་ཙ་ནས་ང་ཚོས་བྱམས་བརྩེ་བྱེད་ཡ་གོ་སྐབས་བྱེད་ཡ་མང་དུ་འགྲོ་ཡ་དང་འདྲ་བོ་དཔེར་ན་ས་ཡི་གོ་ལའི་ཕར་མཐའ་ན་ཡོད་པའི་སྐྱབས་བཅོལ་བ་དང་། དེ་ག་ནང་བཞིན་རྩ་སྟོང་འགྲོ་ཉེན་ཡོད་པའི་སྲོག་ཆགས། ཐ་ན་མ་འོངས་པའི་མི་རབས་དེ་ཚོ་ལ་བྱམས་བརྩེ་སྒོམ་ཐུབ་ཡ་ཡི་ཁོར་ཡུག་མཐོང་རྒྱ་ཆེན་པོ་ཞེ་བོ་ཡོད་བསྡད་པ་དེ་དེང་དུས་ཀྱི་ཁྱད་ཆོས་ཤིག་རེད། །

གཉིས་པ་དེ་གང་རེད་ཟེར་ན། ཚན་རིག་པའི་ཞིབ་འཇུག་དང་གོ་རྟོགས་ལ་བརྟེན་ནས་ང་རང་ཚོ་ལ་རྒྱུ་མཚན་ལྡན་པའི་སྙིང་རྗེ་སྐྱེ་ཡ་ཡི་གོ་སྐབས་མང་དུ་འགྲོ་གི་ཡོད་རེད། དེ་ག་རེ་རེད་ཟེར་ན་སེམས་ཁམས་རིག་པ་དང་དབང་རྩའི་ཚན་རིག་དེ་ཚོས་ཀྱིས་ཞིབ་འཇུག་བྱས་ནས་གཞན་ཕན་གྱི་བསམ་བློ་ཡོང་ཐུབ་ཡ་དང་སྙིང་རྗེ་སྒོམ་ཡ་དེ་ཚོ་ལ་དངོས་གནས་དྲངས་གནས་ཀྱི་དངོས་ཡོད་གནས་ཚུལ་ཐོག་ལ་ཕེ་ཕན་ཡོད་པའི་ར་སྤྲོད་ཡོང་བསྡད་ཡོད་རེད། དེ་ལ་བརྟེན་ནས་སྙིང་རྗེ་སྒོམ་ཡ་ཟེར་ཡ་དེ། དེ་ག་ཙམ་སེམས་ཀྱི་ཚོར་བ་ཙམ་ཞིག་མ་ཡིན་པར། སྙིང་རྗེ་སྒོམ་པ་ལ་བརྟེན་ནས་ཀླད་པའི་ནང་དུ་འགྱུར་བ་འགྲོ་ཡི་ཡོད་པ་ཤེས་ཀྱི་ཡོད་རེད། དེ་བཞིན་དུ་གཞན་ཕན་གྱི་བྱ་བ་ལ་བརྟེན་ནས་རང་ལ་བདེ་སྐྱིད་ཀྱི་མྱོང་བ་ཟབ་མོ་སྐྱེ་ཡི་ཡོད་པ་དེ་ཚོ་ཚན་རིག་གིས་དཔང་རྟགས་དང་བཅས་ནས་རྟོགས་ཐུབ་ཀྱི་ཡོད་རེད། དེ་ལ་བརྟེན་ནས་ང་ཚོས་སྙིང་རྗེ་་ཟེར་ཡ་དེ་མཐོང་རྒྱུ་རྩ་ནས་མེད་པའི་སེམས་ཀྱི་མྱོང་ཚོར་ཙམ་མ་ཡིན་པ་དེ་དངོས་སུ་སོ་སོའི་ཀླད་པ་ལ་འགྱུར་བ་ཐེབས་ཡ་ཞིག་དང་ལུས་སེམས་ལ་འགྱུར་བ་ཐེབས་ཡ་ཡོད་པ་ཞིག །ལུས་སེམས་ལ་ངོ་མ་འགྱུར་བ་ཞིག་ཡོང་ཡ་ཡོད་པ་ཤེས་ཐུབ་ཀྱི་ཡོད་རེད། བྱས་ཙང་ང་རང་ཚོ་རེ་བ་ཆེ་རུ་འགྲོ་ཡ་དང་སྤོབས་པ་ཆེ་རུ་འགྲོ་ཡ་ཡོད་པ།

གསུམ་པ་ག་རེ་རེད་ཟེར་ན། དེང་སང་གི་དུས་ཚོད་ལ་དྲ་རྒྱ་དང་། དེ་ག་ནང་བཞིན་གྱི་ཐེབས་རྩ་ཚོགས་པ་དང་དགེ་རྩ་ཚོགས་པ་མང་པོ་ཞེ་བོ་ཞིག་ཡོད་རེད། དེ་ཚོ་ཡོད་པ་ལ་བརྟེན་ནས་ང་ཚོའི་སྙིང་རྗེ་དེ་གསལ་ཤེས་ཆེན་པོ་ཆགས་བསྡད་ཡ་ཞིག་དང་། སོ་སོའི་དམིགས་ཡུལ་གང་འདྲ་ཞིག་སྙིང་རྗེ་སྒོམ་པ་ཡིན་ན་ཡང་དེ་ལ་ཐད་ཀ་ཕན་ཐོགས་བྱེད་ཐུབ་ཀྱི་ནུས་པ་ཡོད་བསྡད་པ་ཞིག་ཚོར་ཐུབ་ཀྱི་ཡོད་རེད། དཔེར་ན་ང་ཚོ་སྐད་གཅིག་ལ་དཔག་ཚད་སྟོང་ཕྲག་དུ་མ་ལ་ཡོད་བསྡད་པའི་དཀའ་ངལ་ཕྲད་ས་དེ་ལ་སྐར་མ་ཁ་ཤས་ནང་ལོགས་ལ་རོགས་སྐྱོར་བྱེད་ཐུབ་ཡ། བསྐལ་པ་སྔ་མོ་ཡོང་ཐུབ་ཡ་ཡོད་མ་རེད། དེ་ག་ནང་བཞིན་གྱི་དྲ་རྒྱ་བརྒྱུད་བྱས་གཞན་ཕན་གྱི་དགེ་རྩ་དེ་ཚོ་ལ་ཞལ་འདེབས་བྱེད་ཐུབ་ཡ་ཡོང་གི་ཡོད་རེད། སྤྱི་ཚོགས་ཀྱི་དྲ་ལམ་བརྒྱུད་ནས་སྤྱི་ཚོགས་ཀྱི་ལས་འགོ་སྤེལ་ཐུབ་ཡ་རེད་བ། དེང་དུས་ཀྱི་ལག་ཆ་དེ་ཚོའི་བརྒྱུད་ནས་སོ་སོ་ལ་དགེ་སེམས་ཆུང་ངུ་ཞིག་མེད་པ་ཡིན་ན་ཡང་དགེ་སེམས་ཆེན་པོ་ཞིག་བསྐྲུན་ཐུབ་ཡ་ཡོང་བསྡད་ཀྱི་ཡོད་རེད། དེ་ཡང་དེང་དུས་ཀྱི་ཁྱད་ཆོས་འདྲ་བོ་ཞིག་རེད་འདུག་ག །

བཞི་པ་དེ་ག་རེ་ཟེར་ན། དེང་སང་གི་སྤྱི་ཚོགས་ཀྱི་ཁྲོད་ལ་སེམས་ཀྱི་དཀའ་ངལ་མང་པོ་དང་ཚབ་ཆེན་པོ་ཞེ་བོ་ཞིག་ཡོང་བསྡད་ཀྱི་འདུག། །དཔེར་ན་སེམས་ཁྲལ་བྱེད་ཡ། མྱ་ངན་གྱིས་གནོན་ཡ། སེམས་པ་སྟོང་ལྷོང་ལྷོང་ཆགས་ཡ། དེ་འདྲ་བོའི་དཀའ་ངལ་མང་པོ་ཞེ་བོ་ཞིག་ཡོད་པ་ཡིན་དུས་ཙ་ནས། དེའི་རྒྱུ་མཚན་ལ་བརྟེན་ནས་མི་མང་པོ་ཞིག་གིས་ཁ་ནང་དུ་ཕྱོགས་ནས་དྲན་པ་ཉེ་བར་བཞག་སྒོམ་ཡ། སྒོམ་རྒྱག་ཡ། ལྷག་མཐོང་སྒོམ་ཡ་ལ་སོགས་པ་ནང་པ་སངས་རྒྱས་པའི་སྒོམ་རྒྱག་སྟངས་མང་པོ་ཞེ་བོ་ཞིག་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་ཡི་ཡོད་རེད། འཛམ་བུ་གླིང་དུ་སྒོམ་རྒྱག་ཡ་དེ་དར་སྲོལ་ཆེན་པོ་ཞེ་བོ་ཞིག་ཆགས་བསྡད་ཡོད་རེད། དེའི་ནང་ལོགས་ནས་བྱམས་སྙིང་རྗེ་སྒོམ་ཡ་དེ་ཡང་གལ་ཆེན་པོ་ཞེ་བོ་ཆགས་བསྡད་ཡོད་རེད། དེའི་རྒྱུ་མཚན་ལ་བརྟེན་ནས། ནང་སེམས་ལ་སྦྱོང་བརྡར་སྤྲོད་ཡ། ཞི་བདེ་བསྐྲུན་ཡ་དེ་ཚོའི་ཐོག་ལ་དོ་སྣང་བྱེད་མཁན་མང་དུ་འགྲོ་ཡི་ཡོད་རེད། དེ་འདྲ་ཡིན་དུས་དེང་དུས་ཀྱི་སྤྱི་ཚོགས་དེ་སྙིང་རྗེ་སྒོམ་ཡ་ལ་འགལ་རྐྱེན་མང་པོ་ཡོད་པ་རེད། ཕྱོགས་གཞན་དག་ཞིག་ནས་བཤད་པ་ཡིན་ན་སྙིང་རྗེ་སྒོམ་ཡ་ལ་གོ་སྐབས་དང་མཐུན་རྐྱེན་མང་པོ་ཡོད་བསྡད་པའི་སྤྱི་ཚོགས་ཤིག་ཆགས་བསྡད་ཀྱི་ཡོད་རེད།

དེང་སང་གི་མི་དེ་ཚོས་སྙིང་རྗེ་སྒོམ་ཡའམ་སྙིང་རྗེ་ལག་ལེན་བསྟར་ཡ་ཡི་ཐབས་ཤེས་ག་རེ་ཡོད་རེད་ཟེར་ན། དཔེར་མཚོན་ཁ་ཤས་ཤིག་ཞུས་ན་དྲན་སོང་། དང་པོ་ལས་ཀ་ཆུང་ཆུང་ཞིག་ནས་འགོ་བརྩམས་ནས་ལས་ཀ་བྱེད་དགོས་རེད། སྔོན་ལ་གཞན་ག་རེ་བྱེད་མ་ཐུབ་ན་ཡང་། སོ་སོའི་ཁ་པར་སྒོ་བརྒྱབ་ནས་ཕར་བཞག སོ་སོའི་མདུན་ལ་ཡོད་པའི་མི་དེ་ལ་ཡག་པོ་ལྟ་དགོས་རེད། དེང་སང་མི་མང་པོ་ཞིག་གིས་ཁ་པར་ལ་མ་གཏོགས་མི་ལ་ལྟ་རོགས་བྱེད་ཀྱི་མི་འདུག་བ། སོ་སོའི་སྤུན་ཀྱག་ཡིན་ན་ཡང་རེད། སོ་སོའི་ནང་མི་ཡིན་ན་ཡང་རེད། སོ་སོའི་གྲོགས་པོ་ཡིན་ན་ཡང་རེད། དེ་ཚོའི་སྐད་ཆ་ཡག་པོ་ཉན་ནས་ཁོང་ཚོ་ལ་སེམས་ཀྱི་ཚོར་བ་ག་རེ་ཡོད་པ། བདེ་སྡུག་གི་གནས་ཚུལ་ག་རེ་ཡོད་པ་དེ་ཚོ་ཡག་པོ་ཉན། ལམ་སང་སོ་སོའི་བསམ་ཚུལ་བཤད་ནས་བསླབ་བྱ་རྒྱག་ཡ་བྲེལ་བ་བྱེད་ཡ་ཡོད་མ་རེད། སྔོན་ལ་མིས་བཤད་པ་དེ་ཡག་པོ་ཉན་དགོས་རེད། ཁོ་ལ་སོ་སོས་བསླབ་བྱ་རྒྱག་དགོས་མ་རེད། ཁོ་དང་མཉམ་དུ་དུས་ཚོད་གཏོང་བ་ཙམ་གྱིས་འགྲིག་གི་རེད། དེང་སང་དུས་ཚོད་ཁོ་རང་བཏང་གི་ཡོད་མ་རེད། དཔེར་ན་གྲོགས་པོ་མཉམ་དུ་ཁ་ལག་ཟ་བར་ཕྱིན་པ་ཡིན་ན་ཡང་། མི་ཚང་མ་ཁ་པར་རྐྱང་རྐྱང་བལྟས་པ་རེད་མ་གཏོགས་ཕར་ཚུར་སྐད་ཆ་བཤད་ཀྱི་མི་འདུག་ག །དེ་འདྲ་ཡིན་དུས། སོ་སོའི་གྲོགས་པོ་དང་སོ་སོའི་སྤུན་མཆེད་དེ་ཚོའི་མཉམ་དུ་དུས་ཚོད་བཏང་། སྐད་ཆ་དཔེ་ཡག་པོ་ཉན་ཡ་གལ་ཆེན་པོ་རེད། ཐ་ན་སོ་སོའི་སྡོད་གནས་ཀྱི་སྒོ་སྲུང་དེ་དང་མཉམ་དུ་སྐད་ཆ་བཤད། ཁོ་ལ་འཚམས་འདྲི་ཞུ་ཡ། དེ་ག་ནང་བཞིན་ཁ་ལག་བཅར་མཁན་དེ་ཚོ་ལ་འཚམས་འདྲི་ཞུ་ཡ། དེ་ག་ནང་བཞིན་གྱི་རང་བྱུང་གི་ཁོར་ཡུག་དཔེར་ན། གླིང་ཁ་དེ་འདྲའི་ནང་དུ་ཕྱིན་ནས་སྲོག་ཆགས་དེ་དག་མཉམ་དུ་འབྲེལ་བ་བྱེད་ཡ། ཡང་ན་ང་ཚོས་ཤིང་དང་མེ་ཏོག་སོགས་བཏབ་ནས་དེ་གང་འདྲ་བྱས་ནས་སྐྱེ་ཡི་འདུག་ལྟ་ཡ། སྲང་ལམ་གྱི་ཁྱི་དང་ཞི་མི་ལ་ཁ་ལག་སྤྲོད་ཡ་དེ་འདྲ་བྱས་ན་ཡག་པོ་ཡོད་རེད། མཚམས་མཚམས་མི་མ་ཡིན་པའི་སྲོག་ཆགས་དེ་ཚོས་ང་ཚོ་ལ་སྙིང་རྗེ་སྐྱེ་ཡ་དང་བརྩེ་སེམས་སྐྱེ་ཡ་ལ་བསྐུལ་མ་ཆེ་བ་བྱེད་ཐུབ་ཀྱི་རེད།

གཉིས་པ་དེ་ག་རེ་རེད་ཟེར་ན། ང་ཚོས་ཆ་འཕྲིན་ནང་དོན་ལ་དོ་དམ་བྱེད་དགོས་རེད། དུས་ཚོད་གཏན་འབེབས་བྱས་ནས། དུས་ཚོད་འདི་འདྲ་བའི་ནང་དུ་སྤྱི་ཚོགས་དྲ་ལམ་དེ་ཚོ་ལྟ་ཡི་མིན། དེ་ག་ནང་བཞིན་གྱི་རོལ་རྩེད་དམ་སྤྲོ་སྐྱིད་ཀྱི་སྐོར་དེ་འདྲ་ལྟ་ཡི་མིན། ཉོ་ཚོང་འོས་སྦྱོར་བྱེད་པའི་ཁྱབ་བསྒྲགས་དེ་འདྲ་ལྟ་ཡི་མིན། དེ་ཚང་མ་སྒོ་བརྒྱབ་ནས། སོ་སོའི་སེམས་ལ་ཕན་པའི་ནང་དོན་ཟབ་མོ་ཡོད་པའི་བརྗོད་བྱ་དེ་འདྲ་མང་ཙམ་ལྟ་ཀློག་བྱེད་དགོས་རེད།

གསུམ་པ་དེ་ག་རེ་ཟེར་ན། དང་པོ་ང་ཚོས་སྙིང་རྗེ་སྒོམ་ཟེར་དུས་ལམ་སང་འཛམ་བུ་གླིང་གི་གནད་དོན་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསམ་བློ་གཏོང་དགོས་མ་རེད། ཆུང་ཆུང་ཞིག་ནས་འགོ་བརྩམས་དགོས་རེད། ལམ་སང་སེམས་ཀྱིས་ཐམས་ཅད་ཀྱི་དོན་ལ་བསལ་བློ་དགོས་ན་གཏོང་ཐུབ་ཀྱི་མ་རེད། དང་པོ་བརྒྱ་ཕྲག་སྟོང་ཕྲག་མང་པོ་ལ་རོགས་པ་བྱེད་དགོས་མ་རེད། མི་གཅིག་གཅིག་པོ་ལ་རོགས་པ་བྱེད། དཔེར་ན་སོ་སོའི་དང་བླངས་ཀྱིས་ཞབས་ཞུ་བ་བྱེད། ཡང་ན་མི་ཚང་སྐྱོ་བོ་ཞིག་གི་ཕྲུག་གུ་ཞིག་ལ་རོགས་སྐྱོར་བྱེད་ཡ་དང་། སོ་སོའི་ངོ་མི་ཤེས་པའི་མི་ཞིག་ལམ་འགག་ནོར་བསྡད་ཡོད་ན། ཁོ་ལ་ལམ་འགག་སྟོན་ཡ་ལ་སོགས་པ་དེ་འདྲ་བའི་དོན་དག་ཆུང་ཆུང་གཅིག་ནས་འགོ་བཙུགས་ནས་རིམ་པས་བཞིན་དུ་ཡར་རྒྱས་དགོས་རེད་མ་གཏོགས་དང་པོ་ནས་ཆེ་པོ་ཞེ་བོ་ཞིག་བྱེད་ཐུབ་ཀྱི་མ་རེད།

བཞི་པ་དེ་ག་རེད་ཟེར་ན། ང་རང་ཚོ་རང་གཞན་ཚང་མ་ལ་སྡུག་བསྔལ་ཡོད་རེད། སྡུག་བསྔལ་ཡོད་པ་དེ་ཁས་ལེན་བྱེད་དགོས་རེད། སྡུག་བསྔལ་དེ་ཡོད་ཆོག་པ་དང་ཡོད་རུང་བ་ཞིག་ཆགས་བསྡད་རེད་མ་གཏོགས། སྡུག་བསྔལ་ཡོད་མི་ཆོག་ཟེར་ཡ་ཡོད་མ་རེད། བྱས་ཙང་སྡུག་བསྔལ་ཟེར་བ་དེ་དང་ལེན་བྱེད་དགོས་རེད། སོ་སོ་ལ་དཀའ་ངལ་ཡོད་པ་ལ་དཀའ་ངལ་ཡོད་ཟེར་ཡ་ལ་ངོ་ཚ་དགོས་ཡ་ཡོད་མ་རེད། རང་གཞན་ཐམས་ཅད་ལ་སྡུག་བསྔལ་དང་སྐྱོན་ཡོད་རེད། བྱས་ཙང་སྐྱོན་ཡོད་ཟེར་ཡ་ངོ་ཚ་དགོས་ཡོད་མ་རེད། ང་ཚོས་ནམ་རྒྱུན་སྡུག་བསྔལ་མེད་པའི་སེམས་ཅན་གཅིག་རྐྱང་ཡོད་མ་རེད་ཟེར་ཡ་དེ་སྐྱོ་སྣང་རིང་ལུགས་ཤིག་ཆགས་ཀྱི་ཡོད་མ་རེད། ང་རང་ཚང་མ་ལ་ཐུན་མོང་གི་སྣང་ཚུལ་ཞིག་ཡོད་རེད། བྱང་ཙང་ང་རང་ཚོ་ཚང་མ་བདེ་སྡུག་གི་ཚོར་སྣང་གཅིག་པ་ཡིན་དུས་མཉམ་དུ་ལས་ཀ་བྱེད་ཐུབ་ཡ་འདྲ་བོ་ཞིག་ཡོང་གི་རེད།

མདོར་ན་དེང་དུས་ཀྱི་འཚོ་བ་འདི། དཔེར་ན་ས་ཆ་མཁྲེགས་པོ་འདྲ་བོ་ཞིག་ཆགས་བསྡད་ཡོད་རེད། དེ་ལྟ་བུ་ས་ཆ་མཁྲེགས་པོའི་སྟེང་དུ་སྙིང་རྗེ་ལྟ་བུའི་ས་བོན་འཇམ་པོ་ཞིག་སྐྱེ་ཡ་དེ་དཀའ་ལས་ཁག་པོ་ཆགས་བསྡད་ཡོད་རེད། ཡིན་ན་ཡང་དཀའ་ལས་ཇི་ཙམ་ཆེན་པོ་ཡོད་པ་དེ་ཙམ་གྱི་རིན་ཐང་ཀྱང་ཆེན་པོ་ཡིན་པར་མཚོན་ཐུབ་ཀྱི་ཡོད་རེད། དཔེར་ན་དྲོད་ཁང་གི་ནང་ཚལ་དང་མེ་ཏོག་བཏབ་ཀྱི་ཡོད་རེད་བ། དྲོད་ཁང་ནང་དུ་ཚལ་དང་མེ་ཏོག་བཏབ་པ་དེ་ནུས་པ་ཞེ་དྲག་མི་འདུག་བ། ཡིན་ན་ཡང་ས་མཐོན་པོའི་རི་བྲག་ཁྲོད་དུ་སྐྱེས་བསྡད་པའི་དབྱར་ཙཱ་དགུན་བུ་ལྟ་བུ་ཡིན་ན། སྐྱེ་ཡ་ལ་དཀའ་ལས་ཡོད་རེད། སྐྱེ་ཡ་ལ་དཀའ་ལས་ཡོད་པ་ནང་བཞིན་གྱི་ཁོ་རང་ལ་རོ་བཅུད་དང་རིསན་ཐང་ཀྱང་གཞན་དང་མ་འདྲ་བ་ཞིག་ཡོད་རེད། ནད་བརྒྱ་གསོ་བའི་སྨན་མཆོག་ལྟ་བུ་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་ཙང་། དེང་དུས་ཀྱི་སྤྱི་ཚོགས་ཀྱི་ནང་ལོགས་ལ་སྙིང་རྗེ་སྐྱེ་ཡ་དཀའ་ལས་ཇི་ཙམ་ཡོད་པ་དེ་ཙམ་གྱི་རིན་ཐང་ཆེ་རུ་འགྲོ་ཡ་ཞིག་ཡོད་རེད། གལ་སྲིད་ང་ཚོ་ལ་སྙིང་རྗེ་སྐྱེ་ཐུབ་པ་བྱུང་བ་ཡིན་ན་སྔ་དང་མ་འདྲ་བའི་ནུས་པ་ཆེན་པོ་དང་ཕན་ཐོགས་ཆེན་པོ་ཡོང་ཆགས་བསྡད་ཡོད་རེད། མུ་མཐུད་དེ་དུས་གསུམ་མཁྱེན་པའི་ཚོགས་ཆོས་དྲུག་མ་ཞུ་ཡ་ཡིན།

དེས་ན་སྙིང་རྗེ་ཆེན་པོ་དང་ཤེས་རབ་འབྲེལ་བ་ཞིག་དགོས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས། ཐབས་ཤེས་རབ་གཉིས་འབྲེལ་དགོས་པར་བཤད། ག་ཡ་གོ་རིའི་མདོ་ནས་ཤེས་རབ་དང་བྲལ་བའི་ཐབས་ཀྱང་འཆིང་བ། ཐབས་དང་བྲལ་བའི་ཤེས་རབ་ཀྱང་འཆིང་བ། ཞེས་གསུངས་པས། ཐབས་ཤེས་རབ་འབྲེལ་བ་གལ་ཆེ་བར་གསུངས། གསང་སྔགས་ནས། བསྐྱེད་རྫོགས་གཉིས་ཡ་མ་བྲལ་བར་བཤད་པའི་དགོངས་པ་ཡང་། འདི་གཉིས་མ་ཚང་ན་བླ་ན་མེད་པའི་བྱང་ཆུབ་མི་འཐོབ་སྟེ། བྱ་འདབ་ལོགས་ཆད་པ་དང་འདྲ་གསུང་། ཡོན་ཏན་དེ་གསུམ་ཚང་ཡང་། ལམ་སྣ་འདྲེན་པའི་བླ་མ་གཅིག་དང་མ་མཇལ་ན་མི་ཕན་པས། ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་ན་སྲིད་ཐར་མིན། །རྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕྲོལ་འགྲོ་མི་ནུས། །ཞེས་གསུངས་པས་བླ་མ་དམ་པ་གཅིག་དང་མཇལ་བ་གལ་ཆེ། དམ་པ་རྣམས་ནི་སུས་ཀྱང་མི་སྤང་སྟེ། །དུལ་བའི་ཚུལ་གྱིས་དགེ་བཤེས་བསྟེན་པར་བྱ། །དེ་དང་ཉེ་ན་དེའི་ཡོན་ཏན་རྣམས། །ཆེད་དུ་མ་བསྒོས་པས་ཀྱང་དགོས་པར་འགྱུར། །ཞེས་གསུངས་པས། བླ་མ་དམ་པ་བསྟེན་དགོས་པར་བཤད་གསུང་། བླ་མའི་མཚན་ཉིད་ཀྱང་། །བཤེས་གཉེན་དུལ་བ་ཞི་ཞིང་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །བྱ་བ་གསུངས། བདེན་མཐོང་སྨྲ་མཁས་བརྩེ་བ་ཅན། །སྐྱོ་མེད་སྐྱེས་བུ་དམ་པ་ནི། །ཆེན་པོ་ཡིན་པར་ཤེས་པར་བྱ། །ཞེས་མདོ་སྡེ་རྒྱན་ལས་བཤད། སློབ་དཔོན་བློ་གྲོས་མི་ཟད་པའི་ཞལ་ནས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའ་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་བཏང་ངོ་། །ཞེས་གསུངས། གསང་སྔགས་དང་མཚན་ཉིད་ཀྱི་གཞུང་རེ་རེ་ནས་བླ་མའི་མཚན་ཉིད་མ་གསུངས་པ་མེད་ཀྱང་། བླ་མ་དྭགས་པོ་རིན་པོ་ཆེའི་ཞལ་ནས། ཚེ་འདི་ལ་ལྟོས་ཐག་བཅད་པ། ཤེས་རབ་ཆེན་པོའི་སྒོ་ནས་གཞན་གྱི་ལམ་སྣ་འདྲེན་པ། སྙིང་རྗེ་ཆེན་པོའི་སྒོ་ནས་སློབ་མ་ཡལ་བར་མི་འདོར་བ་ཞིག་དགོས་པ་ཡིན་གསུང་ངོ་། །དང་པོ་བླ་མ་དེ་ཚེ་འདི་ལ་ལྟོས་པ་ཡོད་ན། སློབ་མ་ལ་ཡང་བསྙེན་བཀུར་ལ་སོགས་པ་ཡོད་ན་ཐུགས་ལ་དོགས། མེད་ན་ནི་གདམས་ངག་མི་སྟོན། ཁོ་རང་ཚེ་འདི་ལ་མཆུར་ཅི་རིང་དང་ཞེང་དུ་ཅི་ཆེ་བྱེད། ཆགས་སྡང་ལ་སོགས་པའི་སྡིག་པ་མང་པོ་ཡང་དག་འཕེལ། སློབ་མ་སློབ་དཔོན་ལ་བརྟེན་ནས་སྡིག་པ་མང་པོ་ཡང་དག་འཕེལ། མ་ལེགས་ན་མཛོ་སྦྲེལ་གཡང་ལ་ལྟུང་བ་ལྟ་བུ་ལ་ཚེགས་མེད་པས། དེས་ན་སློབ་དཔོན་དེ་ཚེ་འདི་ལ་ལྟོས་ཐག་བཅད་པ་གཅིག་དགོས་སོ། །འོན་ཀྱང་ཤེས་རབ་མེད་ན་སློབ་མའི་སེམས་རྒྱུད་དང་བསྟུན་པའི་ཆོས་བཤད་མི་ཤེས་པས། སེམས་ཅན་མོས་པ་མང་པོ་ཐ་དད་པའི་དོན་བྱེད་པ་ལ་ཁོ་རང་གི་བློ་དང་མཐུན་པའི་གདམས་ངག་རིམ་པ་བཞིན་བསྟན་དགོས་པ་ཡིན་ཏེ། རིགས་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་མི་ཐོབ། །ཞེས་བྱ་བ་ཡང་གསུངས། ཇོ་བོའི་ཞལ་ནས་ཀྱང་། འོ་སྐོལ་ཚེ་ཐུང་། ཡུད་ཙམ་འདི་ལ་སྒྲ་ཚད་ལ་སོགས་པ་ཕྱི་རིག་པ་དང་བསྟན་བཅོས་མང་པོ་ཉན་མི་ཁོམ། སློབ་མི་ཁོམ། ནང་རིག་པའི་བསྟན་བཅོས་མང་པོ་ནི་གལ་ཆེ་གསུང་། བླ་མ་དེ་ལ་ཆོས་ཅི་ཞུས་ཀྱང་ངས་མི་ཤེས་ཟེར་བས་ཀྱང་མི་འོང་བ་ཡིན་ཏེ། དེས་ན་ཤེས་རབ་ཆེན་པོའི་སྒོ་ནས་གཞན་གྱི་ལམ་སྣ་འདྲེན་ནུས་པ་ཞིག་དགོས་པ་ཡིན་ནོ། །འོན་ཀྱང་སྙིང་རྗེ་མེད་ན་རང་ལ་སྡུག་བསྔལ་བག་ཙམ་བྱུང་བའི་དུས་སུ་ཡང་འཁོར་མི་སྐྱོང་སྙམ་པའི་སྐྱོ་བ་མང་པོ་ཡང་འབྱུང་། སེམས་ཅན་དམུ་རྒོད་མང་པོའི་དོན་བྱེད་དགོས་ཙམ་ན། ཕར་ལ་ཆོས་ཀྱིས་བསྐྱངས་ཙམ་ན། ཚུར་ལ་ཚིག་མ་ལེགས་པོ་མང་པོ་འོང་ཡང་སྲིད་པས། དེ་དུས་སུ་སྙིང་རྗེ་མེད་ན་ཁོའི་དོན་དུ་ཆོས་དང་དཀའ་སླ་མང་པོ་བྱས་ཀྱང་ངན་པ་འདི་ཉན་པར་མི་འདུག་སྙམ་ནས་ཡལ་བར་འདོར་བའི་བློ་སྐྱེ་ཡང་སྲིད་པས། སྙིང་རྗེ་ཆུང་ན་སློབ་མ་ལ་སྡུག་བསྔལ་བྱུང་བའི་དུས་སུ་ཅུང་ཞིག་མི་སྐྱོང་ཡང་སྲིད་པ་ཡིན་པས། རང་ལ་བློ་གཏད་པའི་སློབ་མ་ལ་སྲོག་ལ་ཐུག་ཀྱང་འདི་ངན་སོང་དུ་མ་སོང་ན་རུང་སྙམ་པའི་སྙིང་རྗེ་ཆེན་པོ་གཅིག་དགོས། དེ་ལྟ་བུའི་བླ་མ་དམ་པ་ལ་བསྟེན་ཀྱང་། གདམས་ངག་རིན་པོ་ཆེ་མ་ཞུས་ན། ཁྱི་དང་རྟ་ལ་སོགས་པའི་དུད་འགྲོས། བླ་མ་དང་འགྲོགས་ཀྱང་མི་ཕན། ཞབས་ཏོག་ལོ་བྱེ་བ་ཙམ་བྱས་ཀྱང་མི་ཕན་པས། གདམས་ངག་རིན་པོ་ཆེ་མགོ་རྩ་མ་ལོག་པ་ཞག་ཞུ་དགོས། དེ་ཡང་ཚོང་དུས་ཀྱི་འོ་མར་མ་སོང་བ། ཚིག་དང་ཐ་སྙད་མང་པོ་དང་མ་བསྲེས་པ་ཞིག་དགོས་ཏེ། དེ་ཡང་སྙན་ཁུངས་ནས་སྙན་ཁུངས་སུ་བརྒྱུད་པ། བྱིན་རླབས་ཀྱི་བཀའ་མ་ཉམས་པ་ཞིག་དགོས་གསུང་། འོན་ཀྱང་བསྒྲུབ་པ་ཚུལ་བཞིན་དུ་མ་བྱས་ན་གདམས་ངག་དེ་བེ་བུམ་གྱི་ནང་ན་ཡོད་པ་ལྟ་བུས་ཕན་པ་མ་ལགས་ཏེ། སྨན་དཔྱད་བཀླགས་པ་ཙམ་གྱིས་ཀྱང་། །ནད་པ་དག་ལ་ཕན་འགྱུར་རམ། །གསུང་བས། སྨན་དཔྱད་བཀླགས་པས་མི་ཕན་ཏེ། སྨན་སྦྱར་ནས་ཟ་དགོས་པ་དང་འདྲ་བར། གདམས་ངག་ཡོད་པས་མི་ཆོག་ཉམས་སུ་ལེན་དགོས། བཅོམ་ལྡན་འདས་ཀྱིས་ཀྱང་། སྡུག་བསྔལ་ཟུག་རྔུ་གཅོད་མཛད་པའི། །ལམ་ནི་ཁྱོད་ལ་ངས་བཤད་ཀྱིས། །དེ་བཞིན་གཤེགས་པ་སྟོན་བྱེད་ཡིན། ཁྱེད་ཉིད་ཀྱིས་ནི་བསྒྲུབ་པར་གྱིས། །ཞེས་གསུངས་པ་ཡིན། གདམས་ངག་ལ་སོགས་པ་མང་པོ་བཤད་པ་ཐམས་ཅད་ཀྱིས་ཀྱང་འོན་པའི་རོལ་མོ་དང་ཁྱད་མེད་པ་ཡིན་གསུང་། ཟས་ནོར་དཔག་ཏུ་མེད་པའི་ནང་དུ་ལྟོགས་གྲིར་ཤི་བ་དང་ཁྱད་མེད་འདྲ་སྟེ། དེ་ཡང་ཟ་མ་ནུས་པས་ལན་པ་ཡིན་གསུང་། གདམས་ངག་ཀྱང་ཡོད་པས་མི་ཆོག་སྟེ། ཉམས་སུ་ལེན་པ་དེ་ཤིན་ཏུ་གལ་ཆེ། འོབ་ཧྲིལ་གྱིས་དྲིལ་ནས། རང་མལ་གྱི་ཐ་མ་ན་ཉལ། ཟས་ཀྱི་ཐ་མ་ཆུ་ཐོགས་གཅིག་འཐུང་། ཉེ་དུ་རྣམས་ཀྱིས་མཐའ་བསྐོར། དབུགས་རིང་ཐུང་རིང་ཐུང་བྱེད་པའི་དུས་སུ། རང་རེ་སྣང་བ་ནས་སྣང་བར་འགྲོ་བ། བདེ་བ་ནས་བདེ་བར་འགྲོ་བ། ཡི་དམ་མཁའ་འགྲོའི་སུན་མ་འོང་བ་ཞིག་དགོས་པ་ཡིན། ད་ལྟ་ནས་སོ་སོ་རང་རེའི་ཕུར་མགོའི་ཁ་བ་འཕྱག་པ་གལ་ཆེ་གསུང་། དེ་ལྟར་ཐུགས་ལ་བཞག་པར་ཞུ།བདེ་བར་གཤེགས་པས་ལེགས་པར་གསུངས་པ་བདུད་རྩིའི་རྒྱུན། །དེ་ཡང་སྐལ་ལྡན་ཉོན་མོངས་གདུང་སེལ་བདེ་བའི་འབྱུང་གནས་གཏེར། །སེམས་ལ་རབ་བཏབ་བྱང་ཆུབ་མྱུ་གུ་འབྱུང་བའི་མཆོག །འགྲོ་བ་རྣམས་ཀྱིས་ཉམས་སུ་བླངས་པས་སྡུག་བསྔལ། །གནས་ལས་ངེས་པར་འབྱུང་གྱུར་ཅིག །བླ་མ་རིན་པོ་ཆེའི་གསུང་།" ཞེས་གསུངས་སོ། །

སྒྲ་ཕབ་པ་གངས་ཤར་དང་ཉི་མ་དོན་གྲུབ་ཡིན།