དེ་ཡང་སྔ་དྲོའི་ཆར་༧སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་དྲུང་གོ་ཤྲི་ཆེན་པོ་མཆོག་ནས་སྟ་གོན་དབང་སྒྲུབ་མཛད། ཉིན་རྒྱབ་ཕྱི་དྲོ་ཕྱག་ཚོད་དང་པོ་དང་ཕྱེད་ཀ་ནས་སྟ་གོན་གྱི་དབང་བསྩལ་བའི་དབུ་ཚུགས། དེ་ཡང་ཐོག་མར་༧རྒྱལ་བའི་རྒྱལ་ཚབ་ཆེན་པོ་གང་ཉིིད་སེར་སྦྲེང་ཟབ་རྒྱས་ཀྱི་སྒོ་ནས་ཆོས་ཀྱི་ཁྲི་འཕང་ཆེན་པོར་གདན་འདྲེན། ༧སྐྱབས་རྗེ་འབོ་དཀར་ཡང་སྲིད་རིན་པོ་ཆེ་དང་། འབོ་དཀར་མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད་གཉིས་དབུས་པའི་ཚོགས་བཅར་བ་དད་ལྡན་སེར་སྐྱ་ཡོངས་ནས་གུས་ཕྱག་ཕུལ་རྟིང་དབུ་མཛད་ཆེན་མོས་རྡོ་རྗེ་འཆང་འཐུང་མ་དང་མནྜལ་གྱི་ཞལ་འདོན་དབུ་འཛུགས་གནང་། བཀའ་བརྒྱུད་སྨོན་ལམ་ཆེན་མོའི་འགན་འཛིན་བླ་མ་ཆོས་གྲགས་དབུས་པའི་ལས་བྱེད་ཞབས་ཞུ་བ་རྣམ་པ་དང་དད་ལྡན་སྦྱིན་བདག་རྣམས་ནས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།
དེ་ནས་༧སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་མཆོག་ནས་སློབ་མ་རྣམས་ཀྱི་ངོས་ནས་ཐོག་མར་ཀུན་སློང་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པའི་ཚུལ་དང་། སྐབས་བབ་ཀྱི་བཀའ་དབང་རྣམ་སྣང་མངོན་བྱང་གི་རྒྱུད་ཀྱི་སྐོར་ལ། རྒྱུད་དེ་ཉིད་སྤྱིར་གསང་སྔགས་རྒྱུད་སྡེ་བཞི་ལས་སྤྱོད་རྒྱུད་དང་། སྤྱོད་རྒྱུད་ལའང་སྐུ་གསུང་ཐུགས་ཀྱི་རིགས་གསུམ་ལས་སྐུ་ཡི་རིགས་དང་། སྐུ་ཡི་རིགས་དེ་ཉིད་རིགས་གཞན་རྣམས་ལས་གཙོ་ཆེ་བ་ཡིན་པའི་ཚུལ་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་ཉམས་ལེན་གཙོ་བོ་ཕ་རོལ་ཏུ་ཕྱིན་པའི་དྲུག་དང་། དེ་དག་བསྡུས་ན་བསྡུ་བའི་དངོས་པོ་བཞིར་བསྡུས་པ་དང་། དེ་དག་ཉམས་སུ་ལེན་པའི་ཚུལ་དང་། དབང་སྐབས་སྟ་གོན་གྱི་དོན་རྣམས་རེ་རེ་བཞིན་ཟབ་ཁྲིད་ཞིབ་རྒྱས་ཀྱིས་བཀའ་དྲིན་བསྐྱངས། དེ་རྗེས་སྟ་གོན་གྱི་རིམ་པ་རྣམས་གཞུང་ལྟར་དམིགས་ཁྲིད་སྦྲགས་མ་མཛད་དེ་འདུས་པ་ཡོངས་ལ་རྣམ་སྣང་མངོན་བྱང་གི་སྟ་གོན་གྱི་དབང་ལེགས་པར་བསྩལ་བར་མཛད། སྟ་གོན་གྱི་དབང་འགྲིམས་སུ་༧སྐྱབས་རྗེ་འབོ་དཀར་ཡང་སྲིད་རིན་པོ་ཆེ་དབུས་པའི་སྤྲུལ་པའི་སྐུ་རྣམས་ཕེབས་ཤིང་། མཐར་འདུས་པ་ཡོངས་ནས་ཕྱག་ཆེན་སྨོན་ལམ་ཆེན་མོས་མཐའ་རྒྱན་ཏེ་གསུང་ཆོས་ཉིན་གཉིས་པའི་མཛད་རིམ་རེ་ཞིག་གྲུབ་པར་མཛད་དོ།། ཉིན་དེའི་གནས་ཚུལ་མདོ་ཙམ་ཞིག་གངས་ཤར་ནས་བྲིས།
སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་མངའ་བདག་༧སྐྱབས་མགོན་༧རྒྱལ་བའི་རྒྱལ་ཚབ་དྲུང་གོ་ཤྲི་མཆོག་གིས་རྣམ་སྣང་མངོན་བྱང་གི་སྟ་གོན་དབང་གི་སྐབས་སུ་བསྩལ་བའི་ཟབ་མོའི་དབང་བཤད་གསུང་ཆོས།
"ད་ཁྱེད་རང་ཚོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་ཐར། སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་བའི་ཆེད་དབང་ཞུ་ཡི་ཡིན་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་གསན་པར་ཞུ། སྤྱིར་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་གཞན་དོན་ཁོ་ན་མ་གཏོགས་རང་སྐྱིད་པོའི་དོན་དག་ལ་བསམ་བློ་རྩ་ནས་གཏོང་ཡ་མེད། དེ་ཡང་བདག་ཏུ་འཛིན་པ་དེ་འཁྲུལ་པ་རེད། དེ་འཁྲུལ་པའི་སེམས་རེད། ཁོ་བརྟག་དཔྱད་བཏང་ན་ཡོད་མ་རེད། དེ་དོན་ཏུ་གཉེར་རྒྱུ་ཡོད་མ་རེད། སེམས་ཅན་ཐམས་ཅད་སྡུག་བསྔལ་མྱོང་གི་ཡོད་རེད། སེམས་ཅན་ཐམས་ཅད་བདག་ཏུ་འཛིན་ནས་འཁྲུལ་བསྡད་ཡོད། དེ་ལས་ཉོན་མོངས་པ་མང་པོ་སྐྱེས། སྡུག་བསྔལ་མྱང་ནས་འཁྲུལ་བསྡད་ཡོད། འཁྲུལ་བ་དེ་དག་ཕར་བསལ་ནས་བདེ་བ་ཆེན་པོ་སྟེ་སྐབས་འདི་ལ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་གོ་འཕང་ལ་འགོད་པར་བྱའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པ་རེད།
དེ་ལའང་མདོ་དང་སྔགས་གཉིས་ལས་སྐབས་འདིར་གསང་སྔགས། དེ་ལའང་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་དེ་རྒྱུད་སྡེ་བཞི་ཡོད་པ་ལས། ད་རེས་སྐབས་སུ་བབ་པ་འདི་སྤྱོད་པའི་རྒྱུད་ཡིན། འདི་ལའང་སྐུ་ཡི་རིགས། གསུང་གི་རིགས། ཐུགས་ཀྱི་རིགས་ཏེ་རྣམ་པ་གསུམ་དུ་ཡོད་པ་ལས་དེ་རིང་འདི་སྐུ་ཡི་རིགས་སུ་འགྱུར་པ་ཡིན། སྐུ་ཡི་རིགས་འདི་སྤྱོད་པའི་རྒྱུད་ཐམས་ཅད་ཀྱི་ནང་ནས་གཙོ་བོར་གྱུར་པ་རེད། དེ་ལ་ང་ཚོ་བཀའ་བརྒྱུད་ལ་གནའ་སྔ་མོ་རྒྱུད་སྡེ་བཞི་ཀ་ཡག་པོ་ཚང་བསྡད་ཡོད། ཡང་ཕྱིས་སུ་སྔ་མོ་ནས་ཉམས་ཆག་མང་པོ་བྱུང་རེད། དེའི་སྐབས་སུ་རྒྱུུན་ཆད་ནས་རྒྱུད་སྡེ་བཞི་ལས་སྤྱོད་རྒྱུད་དེ་ཞེ་དྲག་ཚང་མི་འདུག །དེ་སོང་ཙང་ད་རེས་༧རྒྱལ་དབང་ཀརྨ་པ་ཡི་བཀའ་བཞིན་དུ། སྤྱོད་རྒྱུད་འདི་ཚང་བ་བྱས་ཤོག་གསུང་གནང་གི་འདུག །དེ་ཡིན་དུས་འདིའི་དབང་འདི་ས་སྐྱའི་༧སྐྱབས་མགོན་གོང་མ་རིན་པོ་ཆེའི་སྐུ་མདུན་ནས་ང་རང་གིས་ཞུས་ནས་ད་ལྟ་འདི་ལ་མར་བསྐུར་གྱི་ཡིན།
ད་འདི་ལ་བྱ་བའི་རྒྱུད་ཟེར་མཁན་དེ་ཕྱིའི་དཀའ་ཐུབ་གཙོ་བོར་བསྟེན། གཙང་སྦྲ་གཙོ་བོར་བསྟེན་ནས་སྒྲུབ་དགོས་པ། ཕྱི་ཡི་བྱ་བ་གཙོ་བོར་བསྟེན་དགོས་པས་བྱ་བའི་རྒྱུད། སྤྱོད་པའི་རྒྱུད་འདི་གཞི་འདི་བྱ་རྒྱུད་ལྟར་དུ་ཕྱིའི་དཀའ་ཐུབ་གཙོ་བོར་སྟོན་པའང་ཡིན་པ། ཡང་འདི་རྣལ་འབྱོར་གྱི་རྒྱུད་བཞིན་དུ་ཏིང་ངེ་འཛིན་གཙོ་བོར་སྟོན་བཞག་པ་གཉིས་ཀ་ཡིན་པ་གཉིས་ཀ་སྤྱོད་པས་ན་སྤྱོད་པའི་རྒྱུད་ཅེས་སོགས་གསུངས་པའང་ཡོད་རེད། ཡང་བཤད་ཚུལ་གཅིག་ལ་ཐེག་པ་ཆེན་པོའི་མདོ་ནས་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སྤྱོད་པ་རྒྱ་ཆེན་པོ་དེ་དག་ཀྱང་ཉམས་སུ་བླངས། མདོ་ནས་གསུངས་པ་ལྟར་དུ་ཉམས་སུ་བླངས། ཡང་སྔགས་རྣལ་འབྱོར་རྒྱུད་ནས་བྱུང་བའི་ཏིང་ངེ་འཛིན་ཁྱད་པར་ཅན་བསྒོམ་རྒྱུ་ཡོད་པ། དེ་ཡང་ཆ་ལ་ཉམས་སུ་བླངས། དེ་ནས་སྤྱོད་པའི་རྒྱུད་ཅེས་དེ་འདྲ་གསུང་སྲོོལ་ཡང་ཡོད་རེད།
མདོ་ནས་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་སྐོར་མདོར་བསྡུས་ཙམ་ཞིག་བཤད་ན། མདོ་ནས་གསུངས་པའི་ཕར་ཕྱིན་དྲུག་ནང་ལས་དང་པོ་སྦྱིན་པ་རེད། སྦྱིན་པ་དེའང་འཇིག་རྟེན་པའི་སྦྱིན་པ་ལ་སོགས་པ་རྒྱ་ཆུང་ཆུང་མ་ཡིན་པ། དེ་ལས་ཀྱང་རྒྱ་ཆེ་བ་དངོས་པོ་ཐམས་ཅད་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེས་རབས་ནས་བྱུང་བ་བཞིན་དུ་རང་གི་དབུ་དང་སྐུ་ལུས་དང་སྤྱན་ལ་སོགས་པ་ཐམས་ཅད་ཀྱང་སྐྱེ་བ་མང་པོ་ལ་སྦྱིན་པ་བཏང་བར་མཛད་པ། དེ་ལྟ་བུ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟེར་བ་རེད། དེ་ལྟ་བུ་སངས་རྒྱས་གསུངས་པ་ནང་བཞིན་ང་ཚོས་ད་ལྟ་ལམ་སང་སྤྱད་ཐུབ་ཀྱི་མ་རེད་དེ། དེ་ལ་རིམ་གྱིས་བསླབ་དགོས་པ་རེད། སྦྱིན་པ་བཏང་ཐུབ་པ་དེ་དག་སྦྱིན་པ་བཏང་། མ་ཐུབ་པ་དེ་ཚོ་སྨོན་ལམ་གྱིས་ཚུལ་དུ་བཟང་པོ་སྤྱོད་པ་ལ་སོགས་པ་སྨོན་ལམ་གྱི་སྒོ་ནས་ཉམས་སུ་ལེན་དགོས་པ་རེད། དེ་ལྟ་བུ་ག་ལེར་ག་ལེར་སྤྱོད་ཐུབ་ཀྱི་རེད། ཐེག་པ་ཆེན་པོའི་ལམ་གོང་ནས་གོང་དུ་ཡར་བགྲོད་ཐུབ་ན་སྣང་བ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུ་རེད། བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་སྒྱུ་མ་དང་རྨི་ལམ་ལྟ་བུ་རེད། དེ་ལ་སྐྲག་ཡ་དང་ཞེད་ཡ་རྩ་ནས་སྐྱེས་ཀྱི་མ་རེད། དེ་ནས་དེ་ལྟར་སྤྱོད་པ་ལ་དཀའ་ལས་ཡོད་མ་རེད། དེ་ཡང་རང་དོན་གཏན་ནས་མེད་པ། རང་དཔེ་མི་སྲིད་པའི་རྩ་ཆེན་པོ་རེད། ང་རྩ་ཆེན་པོ་རེད་གི་རེད་ཅེས་བསམ་པ་གཏན་ནས་མེད་པ། དེ་མ་དགོས་རང་འཁོར་བའི་སྡུག་བསྔལ་སྤངས་ནས་རང་ཉིད་རྐྱང་པ་ཐར་པ་ཐོབ་ན་སྙམ་པའི་བསམ་པའི་རང་དོན་ཡང་རྩ་ནས་མེད་པ་དེ་ལྟ་བུ་བྱེད་དགོས་པ་རེད། དེ་ཡང་སྦྱིན་པའི་སྒོ་ནས་སེམས་ཅན་དུད་འགྲོ་དང་སྤྲང་པོ་ལ་སོགས་པ་སུ་ཡིན་ནའང་དེ་ཐམས་ཅད་མཐར་ཐུག་འཁོར་བ་ལས་ཡར་བཏོན་ནས་སངས་རྒྱས་གོ་འཕང་ལ་འགོད་པ་དང་། གནས་སྐབས་ཐར་བ་ཙམ་ལ་འགོད་ཐུབ་བྱེད་དགོས་རེད། དེ་ལྟ་བུའི་སྦྱིན་པ་དེ་སེམས་བསྐྱེད་པ་དང་བསྔོ་བ་དང་སྨོན་ལམ་ལ་སོགས་པ་རྒྱ་ཆེན་པོ་དང་བཅས་ཏེ་སྦྱིན་པ་དེ་ལྟར་སྤྱད་པ་ཡིན་ན། དེའི་འབྲས་བུ་དེ་འཁོར་བ་མ་སྟོང་གི་བར་དུ། ང་རང་ཚོའི་སྤྱོད་འཇུག་ནང་ལས་གསུངས་པ་བཞིན་དུ། འཇིག་རྟེན་པ་ཡི་འབྲས་སུ་གཅིག་ཐོབ་ནས་རྒྱུ་རྫོགས་འགྲོ་གི་རེད། དེ་མ་ཡིན་པ་འབྲས་བུ་ག་ཚོད་འབྱིན་ནའང་རྒྱུ་དགེ་བ་དེའང་གོང་ནས་གོང་དུ་འཕེལ་ནས་འགྲོ་བ་དེ་ལྟར་སྤྱད་དགོས་པ་རེད། འབྲས་བུ་དེའང་རང་གི་སྨོན་ལམ་བཏབ་པ་ནང་བཞིན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕན་པ་དང་བདེ་བར་བྱེད་པའི་ནུས་པ་དང་ལྡན་པར་གྱུར་ནས་འཁོར་བ་མ་སྟོང་གི་བར་འབྲས་བུ་མི་ཟད་པ་སེམས་ཅན་ཐམས་ཅད་ལ་འབྱིན་ནས་བསྡད་པ། རང་གིས་དགེ་བ་དེ་རྫོགས་ཡ་མེད་པ་ཞིག་ལ་རང་གིས་དམིགས་ནས་བསྒྲུབ་དགོས་པ་རེད།
དེ་བཞིན་ཚུལ་ཁྲིམས་དེའང་མི་དགེ་བ་སྤང་བ་ཙམ་མ་ཡིན་པ། དགེ་བའི་ཚོགས་རྒྱ་ཆེན་པོ་དཔག་ཏུ་མེད་སྒྲུབ་པ། དེ་ཡིས་སེམས་ཅན་གྱི་དོན་བྱེད་པ། ཉིན་རེ་བཞིན་དུ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བྱེད་པ། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་དེ་དཔེ་མི་སྲིད་པའི་རྒྱ་ཆེན་པོ་བསྒྲུབ་ཡ་ཡོད། སངས་རྒྱས་ཀྱི་སྐྱེས་རབས་ནང་བཞིན། དེ་ཡང་རང་གིས་རིམ་པ་བཞིན་ད་གི་གོང་དུ་བཤད་པ་ལྟར་དུ། རང་གི་མོས་པ་དང་འཚམས་ནས་སྒྲུབ་ཐུབ་པ་དེ་དངོས་སུ་སྒྲུབ། སྒྲུབ་མི་ཐུབ་པ་དེ་སྨོན་ལམ་གྱི་ཚུལ་དུ་སྒྲུབ་ནས་རྒྱ་ཆེན་པོ་སྒྲུབ་དགོས་པ་རེད། དེ་ཡི་སྒོ་ནས་སེམས་ཅན་རྣམས་ཀྱང་བྱང་ཆུབ་འཐོབ་ནུས་པར་བྱས། དེའི་འབྲས་བུ་དེའང་བཟང་སྤྱོད་སྨོན་ལམ་ནས་གསུངས་པ་ལྟར་དུ། ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །གསུངས་པ་ནང་བཞིན་སེམས་ཅན་ཐམས་ཅད་མ་ཟད་ཀྱི་བར་ཕན་པ་བྱེད་པའི་འབྲས་བུ་ཞིག་བསྒྲུབས་ནས་བཞག་དགོས་རེད།
དེ་བཞིན་དུ་བཟོད་པ་ལ། སེམས་ཅན་གྱི་དོན་སྒྲུབ་པའི་བཟོད་པ། བྱ་དཀའ་བའི་གནས་ལ་མི་སྐྱོ་བ། སེམས་ཅན་གཅིག་གི་དོན་དག་ལའང་སྐྱེ་བ་མང་པོར་དཀའ་ལས་རྒྱབ་དགོས་ནའང་རྒྱག་ཐུབ་པ། དེ་ཡང་བྱ་དཀའ་བའི་གནས་ང་ཚོ་མ་དག་པའི་སེམས་ཅན་གྱིས་སྒྲུབ་རྩ་ནས་མི་ཐུབ་པ་དེ་ལྟ་བུ་སྒྲུབ་པ་ལ་གོང་དུ་བཤད་པ་ནང་བཞིན་ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟ་བུ་རྟོགས་པ་ན་བདེ་བ་སྡུག་བསྔལ་ལ་འཛིན་པ་ཡོད་མ་རེད། བདེ་བ་ལ་ཞེན་པ་དང་སྡུག་བསྔལ་སྐྲག་པ་ཡོད་མ་རེད། དེ་ལྟ་བུ་སངས་རྒྱས་ཀྱི་སྐྱེས་རབས་ནང་གསུངས་པ་ནང་བཞིན་རང་གིས་སྒྲུབ་ཐུབ་པ་བྱེད་དགོས་རེད། དེ་ལྟར་སྒྲུབ་པའི་འབྲས་བུ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དག་ལ་ཕན་པ་དང་བདེ་བ་བྱེད་པའི་དངོས་པོ་གཅིག་ལ་རང་གིས་བསྒྲུབས་ནས་བཞག་དགོས་རེད། སེམས་ཅན་ཐམས་ཅད་བཟོད་པ་སྒོམ་པའི་སྒོ་ནས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ལམ་ལ་རང་གིས་འགོད་ཐུབ་པ་བྱེད་དགོས་རེད།
དེ་ནས་བརྩོན་འགྲུས་བརྩམས་པ་ལ། སྒྲིབ་པ་ཉོན་མོངས་པའི་སྒྲིབ་པ། ཉོན་མོངས་པའི་སྒྲིབ་པ་མ་ཡིན་ནའང་སངས་རྒྱས་གོ་འཕང་ཐོབ་པ་ལ་སྒྲིབ་པའི་སྒྲིབ་པ། དེ་ཐམས་ཅད་སྤོང་བར་བྱེད་པའི་བརྩོན་འགྲུས་བརྩམས། དེ་མ་དགོས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅ་སྤོང་བར་བྱེད་པའི་བརྩོན་འགྲུས་ཡང་རང་གིས་བརྩམས་དགོས་པ་རེད།
དེ་བཞིན་དུ་ང་རང་ཚོའི་ཏིང་ངེ་འཛིན་བསམ་གཏན་སྒོམ་པ་ཡིན་ནའང་། བསམ་གཏན་སྣ་ཁ་ཤས་སྒོམ་པ་ལྟ་བུ་མ་ཡིན་པ། སྤྱིར་འཇིག་རྟེན་པ་ཡི་ཏིང་ངེ་འཛིན་ཡག་པོ་དེ་འདྲ་ཡང་ཡོད་རེད། དེ་ཐམས་ཅད་སེམས་བསྐྱེད་ཀྱི་སྒོ་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་ནས་དེ་དག་ཐམས་ཅད་སྒོམ། འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་དཔག་ཏུ་མེད་པ། ང་ཚོས་གྲངས་ཀའི་བགྲང་མི་ཐུབ་པ། མིང་བརྗོད་ནའང་མིང་བརྗོད་ཚར་ཡ་རྩ་ནས་མེད་པ་དེ་འདྲ་ཡོད་རེད། དེ་ཐམས་ཅད་ད་ང་ཚོས་སྒྲུབ་ཐུབ་པ་སྒྲུབ། སྒྲུབ་མི་ཐུབ་པ་ནའང་སྨོན་ལམ་ལ་སོགས་པའི་སྒོ་ནས་རིམ་པ་བཞིན་དུ་སྒྲུབ་དགོས་པ་རེད། ད་དེ་ཡང་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལམ་མཐའ་ཡས་པ་དཔག་ཏུ་མེད་པ། ཉན་ཐོས་རྣམས་ཀྱིས་ཀྱང་རྩ་ནས་མི་ཤེས་པའི་ལམ་ཐམས་ཅད་མཁྱེན་གྱི་རེད། དེ་བཞིན་དུ་སེམས་ཅན་རྣམས་ཀྱི་བསམ་བློ་འདྲ་མི་འདྲ། ཤེས་རབ་འདྲ་མི་འདྲ། མོས་པ་འདྲ་མི་འདྲ་དེ་འདྲ་དཔག་ཏུ་མེད་པ་མང་པོ་ཡོད་རེད། ཉན་ཐོས་ཆེན་པོ་རྣམས་ཀྱིས་ཀྱང་རྩ་ནས་མཁྱེན་གྱི་མ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་འདྲ་མཐའ་ཡས་པ་དཔག་ཏུ་མེད་པ་མཁྱེན་གྱི་རེད། དེ་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན་པ་ཡིན་དུས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལ་སོགས་པ་གསུངས་ནས། ཏིང་ངེ་འཛིན་ཐམས་ཅད་འདུས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་ཐམས་ཅད་གཅིག་ཏུ་འདུས་པ་ང་ཚོ་བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་དེ་རེད། ཏིང་ངེ་འཛིན་རྒྱལ་པོའི་མདོ་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུ་ལ་གསུངས། ཟླ་འོད་གཞོན་ནུ་བོད་དུ་སྐྱེ་བ་བཞེས་ནས་ང་ཚོ་བཀའ་བརྒྱུད་པའི་ལུགས་སྲོལ་དེ་དར་བ་རེད། དེ་ཡིན་དུས་ང་ཚོས་ཕྱག་རྒྱ་ཆེན་པོ་སྒོམ་ན་གོ་ཆོད་འགྲོ་ཡི་རེད།
དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། ད་གང་ཟག་གི་བདག་མེད་པ་ཤེས་ནའང་འཁོར་བའི་རྩ་བ་སྤང་ཐུབ་ཀྱི་ཡོད་རེད་། རྨད་དུ་བྱུང་བ་དཔེ་མེད་རེད། དེ་ཙམ་དུ་མ་ཟད་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པ། ཤེས་བྱའི་ཆོས་ཐམས་ཅད་ཀྱི་ཚུལ། ལས་རྒྱུ་འབྲས་ཀྱི་ཚུལ་ཐམས་ཅད་ཤེས་པ་དགོས་རེད། དེ་ཐམས་ཅད་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཡང་རྒྱ་ཆེན་པོ་ཡོད། དེ་ཐམས་ཅད་ཤེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཤེས་པ་མ་ཟད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། དོན་གྱི་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཡོད་པ་ཤེས། དེའི་བརྒྱུད་འཛིན་ཡང་ཤེས། དེ་ཉམས་སུ་བླངས་ཚུལ་ཡང་ཤེས། སྙིང་པོ་དེ་མངོན་དུ་བྱས་ནས་སངས་རྒྱས་གོ་འཕང་སྒྲུབ་ཚུལ་ཡང་ཤེས་པ། དེ་འདྲ་མདོ་མང་པོའི་ནང་ནས་གསུངས་པ་བཞིན་ཤེས་རབ་ཀྱིས་ཤེས་དགོས་པ་ཐམས་ཅད་ཤེས་དགོས་པ་རེད། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱད་ནས་དེ་ཐམས་ཅད་ཀྱི་སྒོ་ནས་རང་དོན་རྩ་ནས་མེད་པ་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ལམ་ལ་བཀོད་པར་བྱས། དེའི་འབྲས་བུ་དེའང་བཟང་པོ་སྤྱོད་པའི་སྨོན་ལམ་དང་། ཕྱག་རྒྱ་ཆེན་པོའི་སྨོན་ལམ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྨོན་ལམ་གྱི་ནང་ནས་གསུངས་པ་ནང་བཞིན་ཉམས་སུ་བླངས་ནས་འཇིག་རྟེན་ཐམས་ཅད་དུ། འཇིག་རྟེན་གཅིག་ཙམ་མ་ཡིན་པ་འཇིག་རྟེན་དཔག་ཏུ་མེད་པ་ཡོད་རེད། སངས་རྒྱས་གསུངས་བཞག་པ་འཛམ་བུ་གླིང་འདི་འདྲ་བ་དཔག་ཏུ་མེད་པ་ཡོད་རེད། དེ་རེེ་རེ་ལའང་སེམས་ཅན་དཔག་ཏུ་མེད་པ་ཡོད་རེད། དེ་ཐམས་ཅད་ཀྱི་དོན་དག་ལ་ཕན་པ་དང་བདེ་བ་བསྒྲུབ་པའི་ཆོས་དུང་ལྟ་བུ་དང་ཡིད་བཞིན་གྱི་ནོར་བུ་ལྟ་བུ་བསྒྲུབས་ནས་འཁོར་བ་མ་སྟོང་གི་བར་བཞག་ཐུབ་པ་བཞག་དགོས་རེད།
ད་དེ་ཡང་འདས་པའི་སངས་རྒྱས་མར་མེད་མཛད་ལ་སོགས་པ་རྣམས་ཀྱིས་བསྐལ་པ་གྲངས་མེད་པ་ལ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྤྱད་མཛད་པ་དེ་ཚོའི་ནུས་པའང་ད་ལྟ་བསྡད་ཡོད། འཁོར་བ་མ་སྟོང་གི་བར་དུ་བཞུགས་བསྡད་ཡོད། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་སྒྲུབ་པའི་རྐྱེན་དུ་བཞུགས་བསྡད་ཡོད་རེད། ད་ལྟར་ཡོད་པའི་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནའང་། དེ་ཡི་མཛད་པ་འཕྲིན་ལས་ཀྱི་ནུས་པ་དེ་ད་ལྟ་བཞུགས་ནས་བསྡད་ཡོད་རེད། ད་ལྟ་ང་ཚོ་དམ་པའི་ཆོས་ལ་འཇུག་ནས་ཉམས་སུ་ལེན་པའི་སྐབས་འཕྲིན་ལས་ཀྱི་ནུས་པ་དེའང་ཆ་ལ་འཇུག་ནས་བསྡད་ཡོད། ད་ལྟ་མ་ཟད་འཁོར་བ་མ་སྟོང་གི་བར་བཞུགས་བསྡད་ཀྱི་རེད།
ད་ལྟ་ང་རང་ཚོ་ཡང་སངས་རྒྱས་དེ་རྣམས་ཀྱི་རྗེས་སུ་སློབ་ནས་ང་ཚོ་ཐེག་པ་ཆེན་པོའི་ཆོས་བྱེད་མཁན་ཡང་ཡོད། ཐེག་པ་དམན་པ་ཉན་ཐོས་ཀྱི་ཆོས་བྱེད་མཁན་ཡང་ཡོད་རེད། དོན་དུ་དེ་རྣམས་ཀྱིས་སློབ་ནས་དགེ་བ་གང་ཡིན་པ་སྒྲུབ་པ་དེ་ལ་སྨོན་ལམ་རྒྱ་ཆེན་པོ་ཡིས་རྩིས་ཟིན་ན། དེ་རྣམས་ཀྱང་མི་རེ་རེ་ངོས་ནས་སྨོན་ལམ་བཏབ་པ་ཐམས་ཅད་དེ་ཡིས་ཀྱང་འབྲས་བུ་མི་ཟད་པ་སེམས་ཅན་ལ་ཕན་ཐོགས་པ་གྱུར་པ་ད་ལྟ་བཞག་ཐུབ་ཀྱི་ཡོད། འཇིག་རྟེན་ལ་བཟོ་ཐུབ་ཀྱི་ཡོད།
དེ་ལྟ་བུའི་ཕར་ཕྱིན་དྲུག་རྒྱ་ཆེན་པོ་དེ་དག་ཐམས་ཅད་བསྡུ་བའི་དངོས་པོ་བཞིའི་ཁོངས་སུ་བསྡུས་ནས། ཡང་མདོར་བསྡུས་ནས་ཉམས་སུ་ལེན་ཡ་ཡོད། དེ་ཡང་དང་པོ་མཁོ་བ་སྦྱིན་པ་རེད། སེམས་ཅན་གཞན་ལ་ཟས་འདོད་པ་ལ་ཟས། གོས་འདོད་པ་ལ་གོས། སྨན་དགོས་པ་ལ་སྨན་ལ་སོགས་པ་སྦྱིན་ནས་དམ་པའི་ཆོས་ལ་འགོད་ཐུབ་པ་བྱས། ལྷག་པར་དུ་ཆོས་བྱེད་པ་རྣམས་ལ་ཆོས་བྱེད་པའི་མཐུན་རྐྱེན་དཔེ་ཆ་དགོས་པ་ལ་དཔེ་ཆ། ཕྲེང་བ་དགོས་པ་ལ་ཕྲེང་བ། ལྷུང་བཟེད་དགོས་པ་ལ་ལྷུང་བཟེད། བསྡད་ས་དགོས་པ་ལ་བསྡད་ས། ཟས་དགོས་པ་ལ་ཟས། གང་ཡོད་པ་དེ་ཆོས་ཀྱི་ཆ་རྐྱེན་སྦྱར་ན་དེ་ཡི་སྒོ་ནས་ཆོས་བྱེད་པའི་རྟེན་ལ་རེད་འགྲོ་གི་རེད། དེ་ལྟ་བུ་བྱས་ནས་ཆོས་ལ་བཀོད་པར་བྱས། ཆོས་བཤད་ཚུལ་ཡང་ཤིན་ཏུ་ཡིད་དུ་འོང་བ་སྙན་པའི་སྒོ་ནས་དམ་པའི་ཆོས་འཆད། དམ་པའི་ཆོས་བྱེད་མ་འདོད་པ་རྣམས་ཀྱང་དམ་པའི་ཆོས་ལ་བཀོད། དམ་པའི་ཆོས་མ་ཤེས་པ་རྣམས་ཀྱང་ཤེས་པར་བྱས། བཤད་ཚུལ་དེའང་བློ་ལ་བལྟས་ནས་སེམས་དང་འཐད་པ་སྙན་པར་སྨྲ་ནས་འཆད་དགོས་རེད། དཔེར་ན། རྗེ་བཙུན་མི་ལས་རྣམ་ཐར་ནང་དུ་ཁྱི་རྭ་བ་མགོན་པོ་རྡོ་རྗེ་མི་ཚེ་གཅིག་ལ་ཆོས་ལ་རྩ་ནས་བྱེད་འདོད་ཀྱི་བསམ་པ་ཡོད་མ་རེད། སེམས་ཅན་རྐྱང་རྐྱང་བསད་ནས་ཁོ་ཞེ་སྡང་གི་ལས་ཀ་ཤ་སྟག་ལས་བསྡད་རེད། ཉི་མ་ཞིག་རྗེ་བཙུན་མི་ལའི་སྐུ་མདུན་དུ་ཁོ་སླེབ། རྗེ་བཙུན་མི་ལས་མགུར་གྱི་སྒོ་ནས་ཆོས་གསུངས། རྗེ་བཙུན་མི་ལས་ཆོས་གསུང་སྟངས་མཁས་ཐག་ཆོད་ནས་དེའི་ཉི་མ་རང་ཆོས་པ་ཆགས། སྡིག་པ་སྤངས་དགེ་བ་སྒྲུབ་བཞག་རེད། དེ་ལྟ་བུའི་སྒོ་ནས་སེམས་ཅན་ཆོས་ལ་འགོད་དགོས་རེད།
ཆོས་བཤད་ནས་དོན་སྤྱོད་པ། ཆོས་བྱེད་སྟངས་རེ་རེ་བཞིན་དུ་བསླབས་ནས། རང་གི་རོགས་པ་བྱས་ནས་དང་པོ་དེ་འདྲ་བྱེད་དགོས་རེད། དེ་ནས་དེ་འདྲ་བྱེད་དགོས་རེད་ཟེར་ཏེ་དོན་སྤྱོད་ནས་ཆོས་ཀྱི་རིམ་པ་ཐམས་ཅད་ལ་རང་གི་རོགས་པ་བྱེད་དགོས་རེད། དེ་བཞིན་དུ་རང་ཡང་ཆོས་ཀྱི་རིམ་པ་གང་འདྲ་སྤྱོད་དགོས་པ། ཚུལ་ཁྲིམས་སྲུང་དགོས་པ། སྒོམ་རྒྱག་དགོས་པ། སྦྱིན་པ་གཏོང་དགོས་པ་རྣམས་རང་གིས་ཉི་མ་རྟག་པར་སྤྱད་དགོས་རེད། སྤྱད་ནས་དེའི་ལད་ཟློས་བྱས་ནས་མི་ཐམས་ཅད་ཀྱི་སྤྱོད་ཡོང་གི་རེད། འཇིག་རྟེན་ཁམས་ན་ཤེས་ཡོན་དང་ལུགས་སྲོལ་ཐམས་ཅད་དཔེ་མིག་གིས་མཐོང་ཡ་ཡོད་ནས། དེའི་ལད་ཟློས་བྱས་ནས་རེད་ཡོང་གི་རེད། ཌག་ཊར་ (Doctor ) ཚོ་ཡིས་སྨན་བཅོས་བྱེད་སྟངས་དང་། ཚོང་པ་ཚོའི་ཚོང་རྒྱག་སྟངས་དང་། སྲིད་ཀྱི་ལས་ཀ་ལས་མཁན་ཚོ་སྲིད་ཀྱི་ལས་སྟངས་རྣམས་གཅིག་གིས་རིག་ནས་དེའི་ལད་ཟློས་གཅིག་བྱས། ཡང་དེའི་ལད་ཟློས་གཅིག་གིས་བྱས། དེའི་ལད་ཟློས་གཅིག་གིས་བྱས་ཏེ་བརྟན་པོ་གནས་འགྲོ་གི་ཡོད། ང་ཚོའི་ཆོས་གོས་གྱོན་སྟངས་དང་། དཔེ་ཆ་ལྟ་སྟངས་དང་། ཨེཀ་ཛམ་པྰལ་ (example) མཐོང་ནས་དེ་ཡི་ལད་ཟློས་བྱས་ཏེ་མི་རབས་མང་པོ་དང་ལོ་སྟོང་ཕྲག་མང་པོར་རྒྱུན་མ་ཆད་པར་བསྡད་ཀྱི་ཡོད། རང་གི་དེ་འདྲ་བྱས་ན་དེའི་རྗེས་སུ་རྒྱུན་མ་ཆད་པ་ཆོས་བྱེད་མཁན་ཡོང་གི་རེད། ད་ལྟ་འཇིག་རྟེན་གྱི་ཁམས་ན་ཆོས་བྱེད་མཁན་གྱི་ཨེཀ་ཛམ་པྰལ་ (example) ཡོད་རེད་བ། ཡོད་པ་ལ་བརྟེན་ནས་གནས་སྡོད་ཀྱི་ཡོད། དེ་ལྟ་བུ་ཉམས་སུ་ལེན་དགོས་རེད། སྔགས་ཀྱི་སྐབས་དེ་སང་ཉིན་བཤད་ཡོང་།
ད་སྟ་གོན་རེད། སྟ་གོན་ཟེར་མཁན་དེ་སང་ཉིན་དབང་འཐོབ་ཡ་དེ་ལ་དེ་རིང་དེ་ཡི་གཞི་བཏིངས་བཞག་རེད། གཞི་བཏིངས་པ་ཟེར་ན་སང་ཉིན་དབང་འཐོབ་པ་ལ་བར་དུ་གཅོད་པའི་འགལ་རྐྱེན་ཐམས་ཅད་ཕར་མེད་པ་བཟོས། དབང་ཡག་པོ་འཐོབ་ཆོག་ཆོག་གི་མཐུན་རྐྱེན་ཐམས་ཅད་བསྒྲུབས། སྦྱར། དེ་འདྲ་བཟོས་པ་ལ་སློབ་མ་སྟ་གོན་གྱི་དབང་ཟེར་རེད།"
གོང་གི་དབང་བཤད་ཟབ་མོའི་གསུང་ཆོས་གྲུབ་རྗེས་སྟ་གོན་དབང་སྐབས་སུ་དམིགས་རིམ་སྦྲགས་མ་བྱས་ཏེ་རྣམ་སྣང་མངོན་བྱང་སྟ་གོན་གྱི་དབང་ལེགས་པར་བསྩལ་བར་མཛད་དོ། །
གསུང་ཆོས་སྒྲ་ཕབ་བྱེད་པོ་གངས་ལ་ཉི་ཤར།
































