༧དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ནས་བཀའ་བརྒྱུད་སྨོན་ལམ་ཐེངས་བཞི་བཅུ་པའི་སྐབས་རྣམ་སྣང་མངོན་བྱང་གི་ངོ་སྤྲོད་གསུང་བཤད།
(དཔལ༧རྒྱལ་དབང་ཀརྨ་པ་མཆོག་ནས་ཆོས་ཐུན་དང་པོའི་གསུང་ཆོས་འཕྲོ་མུ་མཐུད་དེ་གསུངས་པ།)
རྣམ་སྣང་མངོན་བྱང་དེ་སྤྱོད་རྒྱུད་ཀྱི་ཁུངས་གཏོགས་ཡིན་པ་སོགས།
བོད་རྒྱུད་ནང་བསྟན་གྱི་གསུང་རྒྱུན་ལ། གསང་སྔགས་ཀྱི་རྒྱུད་ལ་དབྱེ་བ་ཕྱེ་ཡོང་དུས་རྒྱུད་སྡེ་བཞི་ཞེས་གསུང་སྲོལ་ཡོད་པས། རྒྱུད་སྡེ་བཞི་ནང་ནས་རྣམ་སྣང་མངོན་བྱང་དེ་སྤྱོད་རྒྱུད་ཀྱི་ཁུངས་སུ་གཏོགས་ཀྱི་ཡོད་རེད། རྣམ་སྣང་མངོན་བྱང་དེ་རྒྱུད་སྡེ་བཞི་ཡི་ནང་ནས་སྤྱོད་རྒྱུད་ཡིན་པའི་རྒྱུ་མཚན་གང་ཡོད་རེད་ཟེར་ན། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་ནང་དུ། ལས་ཀྱི་བྱ་བ་སྣ་ཚོགས་པ་ཕྱག་རྒྱ་ཆེན་པོ་བྱ་བའི་རྒྱུད་ཀྱི་ཕྱག་རྒྱ་དམིགས་པའི་མཚན་ཉིད་རབ་ཏུ་དཔྱད་པས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ནི་སྤྱོད་པའི་རྒྱུད་ལ་བཞུགས་སོ། །གསུང་ཡོད་རེད། དེ་ཡི་དོན་དག་དེ་རགས་པ་འདྲ་བོ་ཞིག་ཞུས་པ་ཡིན་ན། ཕྱི་ལུས་ངག་གི་བྱ་བ་སྣ་ཚོགས་པ་རྒྱ་ཆེར་བསྟན་པ་དེ་བྱ་རྒྱུད་རེད། བྱ་རྒྱུད་ནང་ལོགས་ལ་ཁྲུས་དང་གཙང་སྦྲ་ལ་སོགས་པ་དང་དེ་འདྲ་བའི་བྱ་བ་མང་པོ་ཞེ་བོ་ཞིག་བསྟན་ཡོད་པ་རེད། བྱས་ཙང་དེ་ཚོ་མང་པོ་བསྟན་བཞག་པ་དེ་ཚོ་བྱ་རྒྱུད་རེད། བྱ་རྒྱུད་ནས་གསུང་པའི་ལག་པའི་ཕྱག་རྒྱ་དང་དམིགས་པའི་མཚན་ཉིད་ལ་སོགས་པ་དེ་དག་ཐམས་ཅད་ཡོད་པ་བྱེད། དེའི་རྒྱུ་མཚན་ལ་བརྟེན་ནས། ཕྱི་ཡི་བྱ་བའི་ཆ་ནས་བྱ་རྒྱུད་དང་མཐུན་པ་བྱེད། ཡིན་ན་ཡང་ནང་སེམས་ཀྱི་ཏིང་ངེ་འཛིན་དེ་ཚོ་རྣལ་འབྱོར་རྒྱུད་དང་མཐུན་པ་ཉམས་སུ་ལེན་པ་ཡིན། བྱས་ཙང་ཕྱི་ཡི་བྱ་བ་དེ་ཚོ་བྱ་རྒྱུད་དང་མཐུན་པ་ཉམས་སུ་བླངས། ནང་གི་ཏིང་ངེ་འཛིན་དེ་ཚོ་རྣལ་འབྱོར་རྒྱུད་དང་མཐུན་པ་ཉམས་སུ་ལེན་གྱི་ཡོད་པའི་ཆ་ནས་སྤྱོད་པའི་རྒྱུད་ཅེས་གསུངས་པ་རེད་ཟེར། སྤྱིར་བཏང་བོད་ལ་སྤྱོད་རྒྱུད་ཟེར་ཡ་དེའི་མཚན་གཞི་ངོས་བཟུང་བ་ཡིན་ན། སྤྱོད་རྒྱུད་ཀྱི་མཚན་གཞི་གཙོ་བོ་རྣམ་སྣང་མངོན་བྱང་དང་། རྣམ་སྣང་མངོན་བྱང་མ་ཡིན་པའི་སྤྱོད་རྒྱུད་འདི་རེད་ཅེས་མཛུག་གུ་བཙུགས་ས་གཞན་དག་ཞིག་ཡོད་པ་དེ་གང་རེད་ཟེར་ན། ཕྱག་རྡོར་དབང་བསྐུར་བའི་རྒྱུད་ཟེར་བ་དེ་རེད། སྤྱིར་བཏང་སྤྱོད་རྒྱུད་ལ་ནང་གསེས་ཀྱི་ལྷ་ལ་དབྱེ་བ་ཕྱེ་ཡོང་དུས་སྐབས་སུ། རིགས་གསུམ་གྱི་སྒོ་ནས་དབྱེ་བ་ཕྱེ་གནང་ཡོད་རེད། དེ་བཞིན་གཤེགས་པའི་རིགས། པདྨའི་རིགས། རྡོ་རྗེའི་རིགས། དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་དེ་རྣམ་སྣང་མངོན་བྱང་རེད། དེ་བོད་སྐད་ཐོག་ཏུ་བསྒྱུར་ཡོད་རེད། པདྨའི་རིགས་ཀྱི་རྒྱུད་དེ་བོད་སྐད་ཐོག་ཏུ་བསྒྱུར་ཡོད་མ་རེད། རྡོ་རྗེའི་རིགས་རྒྱུད་དེ་ལག་ན་རྡོ་རྗེས་བསྐུར་བའི་རྒྱུད་དེ་རེད་ཟེར་ནས་གསུངས་ཡོད་རེད། དེ་འདྲ་ཡིན་དུས་བོད་སྐད་དུ་དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་དང་། རྡོ་རྗེའི་རིགས་ཀྱི་རྒྱུད་ཡོད་རེད། པདྨའི་རིགས་ཀྱི་རྒྱུད་ཡོད་མ་རེད།
ས་སྐྱ་པའི་མཁས་པ་ངོར་ཆེན་ཀུན་དགའ་བཟང་པོའི་གསུང་རྒྱུན་བཞིན།
ས་སྐྱ་པའི་མཁས་པ་ངོར་ཆེན་ཀུན་དགའ་བཟང་པོའི་གསུང་རྒྱུན་བཞིན་དུ་བྱས་ན། བདག་བསྐྱེད་དངོས་སུ་བསྟན་ལ། ཡེ་ཤེས་སེམས་དཔའ་བཅུག་པ་མ་བསྟན་པ་དེ་ཚོ་ཐམས་ཅད་སྤྱོད་རྒྱུད་རེད་ཅེས་གསུངས་ཡོད་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་གིས་སྤྱོད་རྒྱུད་ལ་རྒྱུད་མང་པོ་ཡོད་པ་གསུངས་ཡོད། ཁོང་གིས་མཛད་པའི་སྤྱོད་རྒྱུད་ཀྱི་སྤྱི་དོན་ནང་ལོགས་ལ་འཇམ་དཔལ་རྩ་རྒྱུད། དཔའ་བོ་གཅིག་ཏུ་སྒྲུབ་པ། ལྷ་མོ་འོད་ཟེར་ཅན་གྱི་རྟོགས་པ། ཁྲོ་བོ་མི་གཡོ་བའི་རྟོགས་པ་དང་། འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལ་སོགས་པ་སྤྱོད་རྒྱུད་རྣམ་པར་དག་པ་ཟེར་ན་ཡང་འདྲ། སྤྱོད་རྒྱུད་ཀྱི་གཞུང་ཚད་ལྡན་དགུ་ཙམ་བོད་སྐད་དུ་ཡོད་པ་གསུངས་འདུག དེའི་ནང་ནས་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་འདྲ་ཡིན་ན། རྗེ་དགུ་པ་དབང་ཕྱུག་རྡོ་རྗེའི་མཛད་པའི་རྗེས་གནང་གཅིག་ཤེས་ཀུན་གྲོལ་ནང་དུ་བཞུགས་ཡོད་རེད། དེའི་རྒྱུ་མཚན་ལ་བརྟེན་ནས། ཀམ་ཚང་ལ་ཡང་དེའི་ཕྱག་ལེན་ཡོད་བསྡད་པ་རེད། རྒྱུད་གཞན་དག་སྐོར་ལ་མང་པོ་ཞུ་མི་དགོས་པ་བྱས་ནས།
ད་གཙོ་བོ་ཞུ་ཡ་དེ་རྣམ་སྣང་མངོན་བྱང་ཆགས་བསྡད་ཡོད་དུས། རྣམ་སྣང་མངོན་བྱང་གི་མཚན་ཡོངས་སུ་རྫོགས་པ་དེ་རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པ་རྣམ་པར་གྲུབ་པའི་བྱིན་གྱིས་བརླབས་པ་ཤིན་ཏུ་རྒྱས་པ་མདོ་སྡེ་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཆོས་ཀྱི་རྣམ་གྲངས་ཞེས་དེ་མཚན་ཆ་ཚང་བ་དེ་ཡིན་པ་རེད། རྣམ་སྣང་མངོན་བྱང་གི་རྒྱུད་ཟེར་ན་ཡང་འདྲ། རྣམ་སྣང་མངོན་བྱང་གི་མདོ་སྡེ་དབང་པོའི་རྒྱལ་པོ་གསུངས་ཡོང་དུས། རྒྱ་ནག་སྐད་དུ་མདོ་ཞེས་གསུང་གི་ཡོད་མ་གཏོགས་རྒྱུད་ཟེར་བའི་ཚིག་དེ་ཡོད་མ་རེད། བོད་སྐད་ནང་ལོགས་ལ་རྣམ་པ་གྲུབ་པའི་བྱིན་གྱིས་བརླབས་པ་ཤིན་ཏུ་རྒྱས་པ་མདོ་སྡེ་དབང་པོའི་རྒྱལ་པོ་ཞེས་ལབ་དུས་མདོ་སྡེའི་ཟོལ་འདྲ་བོ་གསུངས་འདུག། བྱས་ཙང་མདོ་ཟེར་ན་ཡང་འདྲ་རྒྱུད་ཟེར་ན་ཡང་འདྲ་ལེགས་སྦྱར་གྱི་རྒྱ་དཔེ་དེ་ད་ལྟ་བར་དུ་རྙེད་སོན་བྱུང་ཡོད་མ་རེད། ཡིན་ན་ཡང་། རྣམ་སྣང་མངོན་བྱང་གི་ནང་དོན་ཁ་ཤས་ཞིག་གཞུང་གཞན་དག་དང་། དེ་ག་ནང་བཞིན་འགྲེལ་བ་དེ་ཚོའི་ནང་དུ་ལུང་འདྲེན་བྱས་ཡོད་པ་ཡིན་དུས། ང་ཚོས་ག་ལ་གང་ཙམ་ཞིག་ཧ་གོ་ཐུབ་ཀྱི་ཡོད་རེད། ལོ་རྒྱུས་ལ་འཁོད་པ་ལྟར་བྱས་པ་ཡིན་ན། རྣམ་སྣང་མངོན་བྱང་གི་འགྱུར་སྔ་ཤོས་དེ་ཁ་ཡེ་ཁྲི་བཅུ་གཉིས་པ་སྤྱི་ལོ་༧༢༤ ལོ་ལ་སློབ་དཔོན་ཨི་ཞོན་ཟེར་བ་དེས་ཡི་གེ་པ་བྱས་ནས་རྒྱ་གར་གྱི་སློབ་དཔོན་དྲི་མེད་འབྱུང་གནས་ཟེར་མཁན། ཤུ་དྷ་ཀཱ་རཱ་སིང་ཧཱ་ཡིས་རྒྱ་སྐད་དུ་བསྒྱུར་བ་རེད་ཟེར། དེ་རྣམ་སྣང་མངོན་བྱང་གི་འགྱུར་སྔ་ཤོས་དེ་ཆགས་བསྡད་ཡོད་རེད། དེའི་མ་ཕྱི་དེ་ག་ནས་བྱུང་བ་རེད་ཟེར་ན། དེའི་མ་ཕྱི་དེ་དུས་རབས་བདུན་པའི་དུས་མཇུག་ལ་རྒྱ་གར་དུ་སྐུ་གཤེགས་པའི་སློབ་དཔོན་འོས་ཤིས་ཉར་གནང་བའི་ལེགས་སྦྱར་གྱི་རྒྱ་དཔེ་དེ་ཆགས་བསྡད་ཡོད་རེད་ཟེར། རྒྱ་ནག་སྐད་དུ་བསྒྱུར་བའི་རྣམ་སྣང་མངོན་བྱང་གི་མདོ་ཟེར་ན་ཡང་འདྲ་འདུག་རྒྱུད་ཟེར་ན་ཡང་། དེ་ལ་ཁྱོན་བསྡོམས་བམ་པོ་བདུན་ཐམ་པ་ཡོད་རེད། བམ་པོ་སྔ་མ་དྲུག་པོ་ལ་ལེའུ་སོ་བཅུ་སོ་གཅིག་ཡོད་པ་བྱེད། དེ་ལེའུ་སུམ་ཅུ་སོ་གཅིག་དེ་གཞུང་དེའི་བརྗོད་བྱ་ཨ་མ་གནད་འགག་ཆེ་ཤོས་དེ་ཆགས་བསྡད་ཡོད་རེད། བམ་པོ་བདུན་པ་དེ་ལ་ལེའུ་ལྔ་ཡོད་རེད་ཟེར། དེ་གཙོ་བོ་མཆོད་པའི་ཆོ་ག་དང་ལྷན་ཐབས་ཀྱི་ཟོལ་འདྲ་བོ་ཞིག་ཆགས་བསྡད་ཡོད་རེད། བོད་སྐད་དུ་རྣམ་སྣང་མངོན་བྱང་ག་དུས་བསྒྱུར་བ་རེད་ཟེར་ན། དུས་རབས་དགུ་པའི་ནང་བཙན་པོ་ཁྲི་རལ་པ་ཅན་གྱི་སྐུ་མདུན་དུ་རྒྱ་གར་གྱི་མཁན་པོ་ཤཱི་ལནྡྲ་བྷོ་དྷི་ཟེར་ཡ་དེ་དང་། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་ཀུན་གཟིགས་ཟེར་ཡ་ཁོང་རྣམ་གཉིས་ཀྱིས་མཉམ་དུ་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པ་ཞིག་ཆགས་བསྡད་ཡོད་རེད། བོད་སྐད་དུ་ཡོད་པའི་རྣམ་སྣང་མངོན་བྱང་དང་རྩ་བའི་རྒྱུད་དང་ཕྱི་མའི་རྒྱུད་ཟེར་ཡ་གཉིས་ཀྱི་དུམ་བུ་འདྲ་བོ་གཉིས་ཡོད་བསྡད་པ་རེད། དང་པོ་རྩ་བའི་རྒྱུད་དེ་ལ་ལེའུ་ཉི་ཤུ་རྩ་ལྔའམ་ལེའུ་ཉི་ཤུ་རྩ་དྲུག་ཡོད་པ་བྱས། གཉིས་པ་རྒྱུད་ཕྱི་མ་གསང་བའི་ཆོ་གའི་རིམ་པ་ཟེར་ཡ་དེ་ལ་ལེའུ་བདུན་ཡོད་པ་བྱས།
རྣམ་སྣང་མངོན་བྱང་གི་མདོ་དེ་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་ཇི་ལྟར་གསུངས་པའི་ཚུལ།
རྣམ་སྣང་མངོན་བྱང་གི་རྒྱུད་དམ་མདོ་དེ་སྟོན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ག་འདྲ་བྱས་ནས་གསུངས་པ་རེད་ཟེར་ན། དེ་བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་རྒྱུད་སྡེ་སྤྱི་རྣམ་ནང་ལོགས་ལ་ག་རེ་གསུངས་ཡོད་རེད་ཟེར་ན། འོག་མིན་སྟུག་པོ་བཀོད་པའི་གནས་ལ་རྣམ་སྣང་ཆེན་པོའི་སྐུ་ཡིས་ཐེག་ཆེན་གྱི་ཆོས་དེ་གསུངས་པ་རེད། རི་རབ་ཀྱི་རྩེ་མོ་ལ་རྣམ་སྣང་གི་སྤྲུལ་པའི་སྐུ་ཡི་གཟུགས་བསྟན་ནས་གསང་སྔགས་བསྟན་པ་དེ་ཚོ་བསྟན་པ་གནང་། བྱ་རྒོད་ཕུང་པོ་རི་བོ་ལ་རྣམ་སྣང་གི་སྤྲུལ་པའི་སྐུ། ཤཱཀྱ་ཐུབ་པའི་གཟུགས་ཀྱིས་མདོ་མཚན་ཉིད་ཐེག་པའི་བསྟན་པ་གསུངས་པ་རེད་ཟེར། བྱེ་བྲག་ཏུ་རྣམ་སྣང་མངོན་བྱང་དེ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ལ་རྣམ་པར་སྣང་མཛད་ཆེན་པོ་ལོངས་སྐུའི་རྣམ་པ་ཅན་གྱིས་གསུངས་པ་གསུངས་འདུག་ག། དེའི་ཞུ་བ་པོ་གཙོ་བོའམ་འཁོར་གྱི་གཙོ་བོ་དེ་ཕྱག་ན་རྡོ་རྗེ་དེ་ཆགས་བསྡད་ཡོད་རེད། ཕྱག་ན་རྡོ་རྗེས་རྣམ་པར་སྣང་མཛད་ལ་བྱང་ཆུབ་ཀྱི་སེམས་དང་དེ་བསྐྱེད་པའི་ཚུལ་དྲི་བ་མང་པོ་ཞུས་བྱས། དེ་ལ་ཞུས་པའི་ཞུས་ལེན་གྱི་ཚུལ་དུ་རྩ་བའི་རྒྱུད་དང་ཕྱི་མའི་རྒྱུད་དེ་གསུངས་པ་རེད་ཅེས་གསུངས་འདུག་ག། རྒྱུད་ཕྱི་མ་དེ་ལ་གོང་དུ་ཞུས་པ་ནང་བཞིན་ལེའུ་བདུན་མ་གཏོགས་མེད་པ་རེད། དེ་ལ་བུ་སྟོན་རིན་པོ་ཆེའི་རྒྱུད་སྡེ་སྤྱི་རྣམ་ནང་དུ། རྒྱུད་ཕྱི་མ་དེའི་དཔེ་ལ་ལེའུ་བདུན་མ་གཏོགས་མེད་རེད་མ་གཏོགས་པས། རྒྱུད་ཕྱི་མ་ཁོ་རང་རང་ལ་དེ་ལས་ཚད་ཀྱི་མ་རེད་གསུངས། ག་རེ་བྱེད་ནས་ཟེར་ན། རྣམ་སྣང་མངོན་བྱང་གི་འགྲེལ་བ་དེ་ཚོ་ནང་དུ་རྒྱུད་ཕྱི་མའི་ལུང་དྲངས་པ་ཁ་ཤས་ཤིག་བོད་སྐད་དུ་བསྒྱུར་བཞག་པའི་རྒྱུད་ཕྱི་མའི་ནང་དུ་མེད་བསྡད་པ་མང་པོ་ཞིག་ཡོང་བསྡད་ཡོད་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་སྐད་དུ་བསྒྱུར་བའི་རྒྱུད་ཕྱི་མ་དེ་རྒྱུད་ཕྱི་མ་ཡོངས་སུ་མ་རྫོགས་པ་འདྲ་བ་གསུང་དོན་དེ་ཡིན་པ་འདྲ། རྒྱ་སྐད་ནང་དུ་བརྗོད་བྱ་ཨ་མ་འདྲ་བོ་བམ་པོ་དང་པོ་དྲུག་དང་བམ་པོ་བདུན་པ་དེ་མཆོད་པའི་ཆོ་ག་ཡིན་པ་དེ། མཁས་པ་ཁ་ཤས་ཀྱིས་དེ་མཆོད་པའི་ཆོ་ག་ཡིན་གསུངས་པ་དེ་རྒྱ་ནག་སྐད་དུ་བསྒྱུར་གནང་མཁན་རྒྱ་གར་གྱི་སློབ་དཔོན་དྲི་མེད་སེང་གེ་འབྱུང་གནས་ཁོ་རང་གིས་མཛད་བཞག་རེད་ལབ་མཁན་ཡང་ཡོད་ས་རེད། གང་ལྟར་ཡང་རྣམ་སྣང་མངོན་བྱང་གི་བརྗོད་བྱ་གཙོ་བོ་དེ་བམ་པོ་སྔ་མ་དྲུག་པོ་ཡིན་པ་བྱས། དེའི་ནང་ནས་ཀྱང་ལེའུ་དང་པོ་དེ་བོད་སྐད་ནང་དུ་ཡོད་པ་དང་རྒྱ་སྐད་ནང་དུ་ཡོད་པ་གཉིས་འདྲ་གི་ཡོད་མེད་ཧ་གོ་གིན་མི་འདུག རྒྱ་སྐད་ནང་དུ་ཡོད་བསྡད་པའི་རྣམ་སྣང་མངོན་བྱང་གི་ལེའུ་དང་པོ་དེའི་མཚན་ལ་རོ་ཀྲིང་ཡེ་མིན་ཀྲོས་ཤིང་ཕེས་ཟེར་ཡ་འདུག་ག། གསང་སྔགས་རབ་ཏུ་འཇུག་པའི་སེམས་བསྐྱེད་ཀྱི་ལེའུ་ཞེས་དོན་དག་རྡོག་རྡོག་དེ་ཡིན། དེའི་ནང་དུ་ལྟ་གྲུབ་ཀྱི་སྐོར་གལ་ཆེན་པོ་ཞིག་གསུང་ཡོད་རེད། ལེའུ་གཉིས་པ་མན་ཆད་དུ་དཀྱིལ་འཁོར་དང་ཕྱག་རྒྱ་དང་གསང་སྔགས་ཀྱི་ཉམས་ལེན་དེ་གཙོ་བོ་གསུང་ཡོད་པ་བྱས། ལེའུ་དང་པོའི་ནང་དུ་ལྟ་གྲུབ་ཀྱི་སྐོར་གལ་ཆེན་པོ་མང་པོ་གསུང་ཡོད་རེད། དེ་ཡང་ལེའུ་དང་པོའི་ནང་ལོགས་ལ་དེ་བཞིན་གཤེགས་ལ་རྣམ་པར་སྣང་མཛད་ལ་གསང་བའི་བདག་པོས་ཞུས་པ་ཞུས་ལེན་གྱི་ཚུལ་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་ཐབས་ག་རེ་ཡིན་པ། དེ་བཞིན་ལྟ་གྲུབ་ཀྱི་རྨང་གཞི་ག་རེ་ཡིན་པ་གསལ་པོ་བསྟན་ཡོད་རེད་ཟེར། དེའི་ནང་ལོགས་ནས་ཚིག་གལ་ཆེན་པོ་གསུམ་ཡོད་རེད། ཚིག་གལ་ཆེན་པོ་གསུམ་དེ་ག་རེད་ཟེར་ན། རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། རྩ་བ་ནི་སྙིང་རྗེ་ཆེན་པོའོ། མཐར་ཐུག་པ་ནི་ཐབས་སོ། འདི་གསུམ་པོ་དེ་ལེའུ་དང་པོའི་རྨང་གཞི་འདྲ་བོ་ཞིག་ཆགས་བསྡད་ཡོད་རེད་ལ། དེ་ག་ནང་བཞིན་དུ་རྣམ་སྣང་མངོན་བྱང་གི་གཞུང་དེའི་ནང་ནས་གནད་འགག་གལ་ཆེ་ཤོས་དེ། ཚིག་དེ་གསུམ་པོ་དེས་བསྡུས་བསྡད་ཡོད་རེད་གསུངས་པ་རེད།
རྣམ་སྣང་མངོན་བྱང་གི་རྒྱུད་དེ་གང་འདྲ་བྱས་ནས་བྱུང་བའི་སྐོར།
དེ་ནས་རྣམ་སྣང་མངོན་བྱང་གི་རྒྱུད་ཟེར་ན་ཡང་འདྲ་མདོ་ཟེར་ན་ཡང་འདྲ། དེ་གང་འདྲ་བྱས་ནས་བྱུང་བ་རེད་ཞུས་པ་ཡིན་ན། དེང་སང་ཞིབ་འཇུག་པ་དེ་ཚོས་ལབ་སྟངས་བྱས་པ་ཡིན་ན། རྣམ་སྣང་མངོན་བྱང་མ་བྱུང་གོང་ལ། གསང་སྔགས་ཀྱི་གཞུང་ཁ་ཤས་བྱུང་ཡོད་ངེས་པ་རེད་ཟེར། དཔེར་ན་རྣམ་སྣང་མངོན་བྱང་མ་བསྒྱུར་གོང་ལ་རྒྱ་ནག་སྐད་ལ་བསྒྱུར་བཞག་པ་གཟུངས་བསྡུས་རྙིང་པ་ཞིག་ཡོད་རེད། དེ་ག་ནང་བཞིན་དུ་གཙུག་གཏོར་འཁོར་ལོ་བསྒྱུར་བའི་ཡི་གེ་གཅིག་མའི་མདོ་ཟེར་ཡ་དང་། ཡིག་དྲུག་གི་རྒྱུད་དང་། དཔུང་བཟང་གིས་ཞུས་པའི་རྒྱུད་ལ་སོགས་པ་ཁ་ཤས་ཞིག་རྣམ་སྣང་མངོན་བྱང་མ་བསྒྱུར་གོང་ནས་རྒྱ་སྐད་ཐོག་ཏུ་བསྒྱུར་ཡོད་པ་ཆགས་བསྡད་ཡོད་རེད། དེ་མ་ཡིན་པ་བོད་སྐད་ཐོག་ལ་བསྒྱུར་བཞག་པའི་ལག་ན་རྡོ་རྗེའི་དབང་བསྐུར་བའི་རྒྱུད་དང་། རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་ལ་སོགས་པ། དེ་དག་ཐམས་ཅད་ཀྱང་ཕལ་ཆེར་རྣམ་སྣང་མངོན་བྱང་རྒྱ་ནག་སྐད་དུ་མ་བསྒྱུར་གོང་ལ་བསྒྱུར་ཚར་བ་ཆགས་བསྡད་ཡོད་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་རྣམ་སྣང་མངོན་བྱང་གི་རྒྱུད་ཀྱི་ནང་དོན་མང་པོ་ཞིག དེའི་སྔོན་ནས་བྱུང་བསྡད་པའི་གསང་སྔགས་ཀྱི་གཞུང་དེ་ཚོའི་ཐོག་ནས་ཐོབ་ཡོད་པ་ཞིག་གཏན་གཏན་ཆགས་བསྡད་ཡོད་རེད་ཟེར་ནས་ཞིབ་འཇུག་པ་ཚོས་ལབ་ཀྱིན་ཡོད་རེད། ད་ལྟར་བར་དུ་རྣམ་སྣང་མངོན་བྱང་དེ་བྱུང་བའི་དུས་ཚོད་དེ་བཤད་སྲོལ་ཡོངས་གྲགས་ལ་དུས་རབས་བདུན་པའི་དུས་དཀྱིལ་ལ་བྱུང་བ་རེད་ཟེར། ད་ཡིན་ན་ཡང་དུས་རབས་བདུན་པའི་དུས་དཀྱིལ་ལ་བྱུང་བ་རེད་ཟེར་ལབ་ཡོང་དུས། དེ་ལ་ང་ཚོས་ཞིབ་འཇུག་བྱས་པ་ཡིན་ན། དཔེར་ན། སྤྱི་ལོ་ ༦༤༥ ཡི་བར་དུ་རྒྱ་གར་ལ་བཞུགས་ཡོད་པའི་ཐང་ཞོན་ཙང་། ཐང་ཞོན་ཙང་གི་ལམ་ཡིག་གི་ནང་ལོགས་ལ་གསང་སྔགས་སྐོར་གང་ཡང་བྲིས་ཡོད་མ་རེད། སྤྱི་ལོ་ ༦༨༥ ཡི་གཡས་གཡོན་དུ་རྒྱ་གར་དུ་རྒྱ་ནག་ནས་ཕེབས་པའི་སློབ་དཔོན་ཨི་ཞོན་གྱི་ལམ་ཡིག་ནང་དུ་ག་རེ་གསུངས་ཡོད་རེད་ཟེར་ན། ཉེ་བའི་དུས་སུ་གསང་སྔགས་ཀྱི་བསྟན་པ་ལ་རྒྱལ་ཁབ་ཡོངས་ཀྱིས་གུས་པ་ཆེན་པོ་བྱེད་ཟེར་ཡ་ཞིག་གསུངས་ཡོད་རེད། བྱས་ཙང་ཁོང་གིས་གསུང་སྟངས་དེ་ལ་བལྟས་པ་ཡིན་ན། ཉེ་བའི་དུས་སུ་རྒྱ་གར་རྒྱལ་ཁབ་ནང་དུ་གསང་སྔགས་ལ་གུས་པ་ཆེན་པོ་དང་དྭངས་འདོད་ཞེ་བོ་བྱེད་ཡ་ཞིག་ཡོང་བསྡད་ཀྱི་འདུག་ཟེར་ཡ་ཞིག་ལམ་ཡིག་ནང་ལོག་ཏུ་བྲིས་ཡོད་རེད། དེ་ཙམ་དུ་མ་ཟད་པའི་ད་གཟོད་གོང་དུ་རྒྱ་ནག་སྐད་དུ་བསྒྱུར་བཞག་པའི་རྣམ་སྣང་མངོན་བྱང་གི་མ་དཔེའམ་རྒྱ་དཔེ། དེ་ཡང་སློབ་དཔོན་ཨི་ཞོན་གྱི་ཕྱག་ལ་ཐོབ་པའི་རྒྱ་དཔེ་ཞིག་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་དུས་ཙ་ནས་། ང་ཚོས་བརྟག་དཔྱད་བྱེད་དུས། སློབ་དཔོན་ཞོན་ཙང་རྒྱ་གར་དུ་ཡོད་པའི་སྐབས་དང་སློབ་དཔོན་ཨི་ཞོན་ཟེར་ཡ་དེ་རྒྱ་གར་དུ་ཡོད་པའི་སྐབས། དེ་གཉིས་ཀྱི་བར་དུ་དུས་ཚོད་སྟོང་པ་ཞིག་ལྷག་བསྡད་ཡོད་རེད། སློབ་དཔོན་ཨི་ཞོན་རྒྱ་ནག་དུ་མར་ཕེབས། སློབ་དཔོན་ཨི་ཞོན་རྒྱ་གར་དུ་མ་ཕེབས་བར་ཀྱི་དུས་ཚོད་སྟོང་པ་ཞིག་ལྷག་བསྡད་ཡོད་རེད་བ། གང་ཡིན་ཟེར་ན་སློབ་དཔོན་ཞོན་ཙང་ ༦༤༥ བར་དུ་རྒྱ་གར་དུ་བཞུགས་ཡོད་རེད་བ། སློབ་དཔོན་ཨི་ཞོན་ཟེར་ཡ་དེ་༦༨༥ གཞི་ནས་རྒྱ་གར་ལ་ཕེབས་པ་ཆགས་བསྡད་ཡོད་རེད་བ། བྱས་ཙང་དེའི་བར་དུ་དུས་ཚོད་སྟོང་པ་ཞིག་ལྷག་བསྡད་ཡོད་པ་ཡིན་དུས། དེའི་རྒྱུ་མཚན་ལ་བརྟེན་ནས་རྣམ་སྣང་མངོན་བྱང་དེ་དུས་རབས་བདུན་པའི་དུས་དཀྱིལ་ལ་བྱུང་བ་རེད་ཟེར་ཚོད་དཔག་བྱེད་དགོས་པའི་རྒྱུ་མཚན་ཆགས་བསྡད་ཡོད་པ་རེད། ཡིན་ན་ཡང་། ང་རང་ཚོས་བསམ་བློ་གཏོང་ས་གཅིག་ག་རེ་ཡོད་རེད་ཟེར་ན། སློབ་དཔོན་ཨི་ཞོན་གི་ལམ་ཡིག་གི་ནང་ལོགས་ལ་གསང་སྔགས་ཀྱི་སྐོར་མ་བྲིས་པ་དེ། གཅིག་བྱས་ན་ཁོང་གསང་སྔགས་ལ་ཐུགས་མཉེས་པོ་མེད་པ་ཡིན་ཙང་། དེའི་རྒྱུ་མཚན་ལ་བརྟེན་ནས་མ་བྲིས་ཡིན་སྲིད་ཀྱི་རེད་ཟེར་ན། དེ་འདྲ་ཡིན་ན། གཅིག་བྱེད་ན་རྣམ་སྣང་མངོན་བྱང་གི་བྱུང་ཡ་གི་དུས་ཚོད་དེ་ཡང་དུས་རབས་བདུན་པའི་དུས་དཀྱིལ་གྱི་སྔ་བ་ཡང་ཡིན་སྲིད་ཀྱི་རེད། རྒྱུ་མཚན་དེ་ལ་བརྟེན་ནས། མདོར་ན་རྣམ་སྣང་མངོན་བྱང་གི་མདོ་ཟེར་ན་ཡང་འདྲ་རྒྱུད་ཟེར་ན་ཡང་འདྲ་འདུག། དེ་དུས་ཚོད་ག་དུས་བྱུང་བ་རེད་ཟེར་ན། ད་ལྟ་ཡོངས་གྲགས་འདྲ་བོ་བྱས་པ་ཡིན་ན་དུས་རབས་བདུན་པའི་དུས་དཀྱིལ་ལ་བྱུང་པ་རེད།
རྣམ་སྣང་མངོན་བྱང་བྱུང་ས་ག་བ་ནས་བྱུང་བ་ཡིན་མིན་འདོད་ཚུལ།
འོ་ན་བྱུང་ས་ག་བ་ནས་བྱུང་བ་ཟེར་ན། དེའི་ཐད་ལ་འདོད་ཚུལ་མི་འདྲ་བ་མང་པོ་ཡོད་རེད། རྒྱ་གར་ཡུལ་དབུས་ན་ན་ལེན་དྲ་ནས་བྱུང་རེད་ཟེར་ཡ་དང་། རྒྱ་གར་ནུབ་ཕྱོགས་ལ་ཐ་ཟེར་ཡ་ཡི་ལུང་པ་ནས་བྱུང་རེད་ཟེར་ཡ་དང་། རྒྱ་གར་ལྷོ་ཕྱོགས་ནས་བྱུང་བ་རེད་ཟེར་བ་དང་། དེང་སང་གི་ཨ་ཧྤི་གྷ་ནི་སི་ཐན་གྱི་ཁ་པིས་ཟེར་ཡ་དེ་ནས་བྱུང་རེད་ཡ་དང་། རྒྱ་གར་བྱང་ཕྱོགས་ནས་བྱུང་བ་རེད་ཟེར་བའི་འདོད་ཚུལ་མི་འདྲ་བ་མང་པོ་ཡོད་རེད། ཡིན་ན་ཡང་འདོད་ཚུལ་མང་པོ་ཞིག་ལ་དཔང་རྟགས་ཁུངས་འཛིན་ཡོད་མ་རེད། དེ་འདྲ་བའི་འདོད་ཚུལ་མང་པོ་ནང་ལོགས་ནས་ཏོག་ཙམ་ཞིག་རྒྱུ་མཚན་འདྲ་ཡོད་པ་དེ་ག་རེ་ཟེར་ན། སྐབས་དེའི་དུས་སུ་ནང་པ་སངས་རྒྱས་པའི་བསྟན་པ་ཤུགས་ཆེན་པོ་དར་ནས། ནང་ཆོས་སློབ་སྦྱོང་བྱེད་སའི་ལྟེ་གནས་དེ། ན་ལེན་དྲ་ཆགས་བསྡད་ཡོད་རེད། ན་ལེན་དྲ་ནས་བྱུང་བ་རེད་ཟེར་ཡ་དེ་ལ་གོ་སྐབས་འདྲ་བོ་དང་རྒྱུ་མཚན་མང་ག་ཡོད་རེད། ཡང་ན་རྒྱ་གར་ནུབ་ཕྱོགས་ནས་བྱུང་བ་ཟེར་ཡ་དེ་ལ་ཡང་ཏོག་ཙམ་རྒྱུ་མཚན་མང་བ་ཡོད་རེད།
གང་ལྟར་ཡང་དུས་རབས་བརྒྱད་པའི་དུས་འགོ་ལ་རྣམ་སྣང་མངོན་བྱང་དེ་རྒྱ་གར་ནུབ་བྱང་ཕྱོགས་ལ་དབང་ཤུགས་ཆེན་པོ་ཡོད་བསྡད་པའི་རཱ་ཇཱ་པུཏྲི་རྒྱལ་པོའི་བུ་ཟེར་ཡའི་མི་རིགས་དང་། དེ་ག་ནང་བཞིན་གིས་རི་བྲག་གི་མི་རིགས་གཉིས་ཀྱི་བར་དུ་ཁྱབ་བརྡལ་ཆེན་པོ་བྱུང་ཡོད་པ་མཚོན་ཐུབ་ཀྱི་ཡོད་རེད། བྱས་ཙང་དུས་རབས་བརྒྱད་པའི་དུས་འགོ་ནས་བཟུང་སྟེ་རྣམ་སྣང་མངོན་བྱང་གི་རྒྱུད་དམ་མདོ་དེ་རྒྱ་གར་ནུབ་བྱང་ཕྱོགས་སུ་དར་སྤེལ་ག་ལ་གང་ཙམ་ཤུགས་ཆེན་པོ་བྱུང་ཚར་བ་ཞིག་ཆགས་བསྡད་ཡོད་རེད།
དེ་ག་ནང་བཞིན་གི་རྒྱ་ནག་དང་འཇར་པན་གྱི་སྲོལ་རྒྱུན་གྱི་བཞེད་ཚུལ་གཅིག་ལ་ག་རེ་ཡོད་རེད་ཟེར་ན། རྣམ་སྣང་མངོན་བྱང་ལ་རྒྱུད་རྒྱས་བསྡུས་གཉིས་ཡོད་རེད་ཅེས་གསུང་སྲོལ་ཞིག་ཡོད་པ་འདྲ། ད་ལྟ་ང་རང་ཚོས་མཇལ་ཡ་ཡོད་བསྡད་པའི་རྒྱ་སྐད་དང་བོད་སྐད་གཉིས་ཀ་ཡོད་པའི་རྣམ་སྣང་མངོན་བྱང་གི་རྒྱུད་དམ་མདོ་དེ། སྔར་རྣམ་སྣང་མངོན་བྱང་གི་རྒྱུད་རྒྱས་པ་ཞིག་ཡོད་པ་བྱས། རྒྱུད་རྒྱས་པ་དེ་ཤོ་ལོ་ཀ་འབུམ་ཕྲག་གཅིག་དང་བམ་པོ་སུམ་བརྒྱ་ཡོད་པ་ཞིག་ཡོད་རེད། དེའི་ནང་ནས་ཚུར་བཏུས་ནས་ད་ལྟ་ང་རང་ཚོས་མཇལ་ཡ་ཡོད་པའི་རྣམ་སྣང་མངོན་བྱང་གི་རྒྱུད་དེ་བྱུང་བ་རེད་ཟེར།
དེའི་སྐོར་ལ་སློབ་དཔོན་ཨི་ཞོན་གྱིས་བྲིས་པའི་རྣམ་སྣང་མངོན་བྱང་གི་འགྲེལ་པའི་བམ་པོ་དང་པོའི་ནང་དུ་དེའི་སྐོར་ལ་བྲིས་ཡོད་རེད། དེ་ག་ནང་བཞིན་འཇར་པན་ནང་དུ་གསང་སྔགས་ཀྱི་ཆོས་སྤེལ་མཁན། གསང་སྔགས་ཀྱི་སློབ་དཔོན་སྙན་གྲགས་ཆེན་པོ་ཡོད་པའི་ཀོ་ཁ་དྷ་ཤིའམ་བོད་སྐད་དུ་བསྒྱུར་བ་ཡིན་ན། ཕལ་ཆེར་སློབ་དཔོན་སྟོང་ཉིད་རྒྱ་མཚོ་ལ་གསུང་རྒྱུན་དེས་ཤུགས་རྐྱེན་ཐེབས་ཡོད་པ་ཞིག་ཆགས་བསྡད་ཡོད་རེད་ཟེར། ཁོང་གིས་མཛད་པའི་རྒྱ་སྐད་དུ་ཏོ་རི་གྱིན་ཁེ་ཐེ་ཟེར་བའི་ཕྱག་དཔེ་ཞིག་ཡོད་རེད། དེའི་ནང་ལོགས་ལ་ཡང་རྣམ་སྣང་མངོན་བྱང་དེ་ལ་རྒྱུད་རྒྱས་བསྡུས་གཉིས་ཡོད་པ་མ་ཟད། ད་དུང་གསུམ་པ་ཞིག་ཡོད་པ་བྱས་ནས། རྒྱས་འབྲིང་བསྡུས་གསུམ་ཡོད་པ་ཞིག་གསུངས་ཡོད་རེད། ཡིན་ཡང་ལོ་རྒྱུས་གཞན་དག་གི་ནང་དུ་རྣམ་སྣང་མངོན་བྱང་གི་རྒྱུད་རྒྱས་པ་ཡོད་པའི་ཚུལ་གསལ་གྱི་ཡོད་མ་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་དེང་དུས་ཀྱི་ཞིབ་འཇུག་པ་མང་པོ་ཞིག་གིས་ག་རེ་གསུང་གིན་ཡོད་རེད་བ། དེ་འདྲ་རྣམ་སྣང་མངོན་བྱང་གི་རྒྱུད་རྒྱས་པ་ཤོ་ལོ་ཀ་འབུམ་ཚད་ཡོད་རེད་ཟེར་ཡ་དེ། དད་པ་ཡིད་ཆེས་བྱེད་ཡ་ཙམ་རེད་མ་གཏོགས་པས། དངོས་གནས་དྲངས་གནས་ལོ་རྒྱུས་ཐོག་ལ་དེ་འདྲ་ཞིག་བྱུང་ཡོད་ས་མ་རེད་ལབ་མཁན་ཡང་ཡོང་གིན་ཡོད་རེད།
ཡང་ཞིབ་འཇུག་པ་ཁ་ཤས་ཀྱི་ག་རེ་ལབ་ཀྱིན་ཡོད་རེད་ཟེར་ན། གཅིག་བྱས་ན་དེ་འདྲ་བའི་རྣམ་སྣང་མངོན་བྱང་གི་རྒྱུད་རྒྱས་པ་ཡོང་ཆོག་ས་རེད། ག་རེ་བྱེད་ནས་ཟེར་ན། ད་ལྟའི་རྣམ་སྣང་མངོན་བྱང་གི་རྒྱུད་དེ་དང་མཉམ་དུ་ལྷན་ཐབས་ཀྱི་མཆོད་པའི་ཆོ་ག་ཞིག་ཡོང་གིན་ཡོད་རེད་བ། དེ་མ་ཡིན་པ་རྣམ་སྣང་མངོན་བྱང་གི་སྒྲུབ་ཐབས་དང་། དེའི་སྔོན་དུ་བྱུང་བའི་གསང་སྔགས་ཀྱི་གཞུང་མང་པོ་ཞིག་ཡོད་པ་ཡིན་དུས་ཙ་ནས་། དེ་དག་ཚང་མ་རུབ་རུབ་བྱས་པ་བཞག་པ་ཡིན་ན། རྒྱུད་རྒྱས་པ་དེ་འདྲ་ཡོང་མི་ཆོག་པ་རེད་མི་འདུག་ཟེར་མཁན་ཡང་ཡོང་བསྡད་ཀྱི་ཡོད་རེད། གང་ལྟར་ཡང་ད་ལྟ་ང་རང་ཚོས་མཇལ་རྒྱུ་ཡོད་པ་འདི་ནི་རྒྱས་བསྡུས་གཉིས་ཡོད་པའི་ནང་ལོགས་ནས་བསྡུས་པ་དེ་ཆགས་བསྡད་ཡོད་རེད། དེ་ནས་རྣམ་སྣང་མངོན་བྱང་གི་འགྲེལ་བ་རྒྱ་ནག་སྐད་དུ་བཞུགས་ཡོད་པ་དེ། རྒྱ་གར་གྱི་སློབ་དཔོན་དྲི་མེད་འབྱུང་གནས་སེང་གེ་དེས་ཞལ་ནས་མར་གསུངས། ཁོང་གི་སློབ་མ་སློབ་དཔོན་ཨི་ཞོན་ཟེར་ཡ་དེས་ཟིན་བྲིས་གནང་བའི་རྣམ་སྣང་མངོན་བྱང་གི་འགྲེལ་བ་དེ་གཅིག་པུ་རྒྱ་ནག་སྐད་དུ་ཡོད་པ་ཆགས་བསྡད་ཡོད་ས་རེད། སློབ་དཔོན་ཨི་ཞོན་གྱི་ཡི་གེ་པ་བྱས་ནས་བྲིས་པའི་རྣམ་སྣང་མངོན་བྱང་གི་འགྲེལ་བ་དེ་ལ་ཁྱོན་བསྡོམས་བམ་པོ་ཉི་ཤུ་ཡོད་རེད། དེ་ག་ནང་བཞིན་ཀྲི་ཡོན་དང་ཨི་རྒོ་ཟེར་ཡ་ཡི་སློབ་དཔོན་གཉིས་ཀྱིས་ཕྱིས་སུ་ཞུ་བསྒྲིགས་བྱས་པའི་རྣམ་སྣང་མངོན་བྱང་གི་དོན་འགྲེལ་ཟེར་ཡ་ཞིག་ཡོད་རེད། དེ་ལ་བམ་པོ་བཅུ་བཞི་ཡོད་རེད། དེ་འདྲ་ཡིན་དུས། འཇར་པན་ལ་གསང་སྔགས་ཉམས་ལེན་བྱེད་མཁན་དེ་ཚོས་གཙོ་བོ་འགྲེལ་བ་སྔོན་མ་དེ་གཙོ་བོ་ཆེ་བ་བཞེད་ཀྱི་ཡོད་རེད། ཡང་༼གནམ་ཐིག་རིགས་པའི༽་གྲུབ་མཐའ་ཟེར་ཡ་ཞིག་ཡོད་རེད། གྲུབ་མཐའ་སྨྲ་བ་དེ་ཚོས་ཀྱང་གསང་སྔགས་ཉམས་ལེན་གནང་གིན་འདུག་བ། ཁོ་རང་ཚོས་ཀྲི་ཡོན་དང་ཨི་རྒོ་ཟེར་ཡ་ཡི་སློབ་དཔོན་དེ་གཉིས་ཀྱིས་བསྒྲིགས་བཞག་པའི་འགྲེལ་བ་ཕྱི་མ་བམ་པོ་བཅུ་བཞི་བྱས་པ་དེ་གཙོ་ཆེ་བ་བྱེད་ཀྱི་ཡོད་རེད།
ང་རང་ཚོ་བོད་སྐད་ཐོག་ལ་ཆག་བཞག་པ་ཡིན་ན། ད་ལྟ་དུས་རབས་བརྒྱད་པའི་ནང་ལོགས་སུ་སློབ་དཔོན་སངས་རྒྱས་གསང་བས་མཛད་བཞག་པའི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཀྱི་བསྡུས་དོན་ཟེར་བ་ཞིག། དེ་རྒྱ་གར་གྱི་མཁན་པོ་ཤི་ལེན་དྲ་བོདྷི་དང་། ལོ་ཙཱ་བ་དཔལ་བརྩེགས་གཉིས་ཀྱིས་བསྒྱུར་བཞག་པའི་འགྲེལ་བ་བསྡུས་དོན་གཅིག་ཡོད་རེད། དེའི་བསྡུས་དོན་དེ་དབྱིན་སྐད་ཐོག་ལ་ཡང་བསྒྱུར་ཡོད་པ་འདྲ། དེ་ཏོག་ཙམ་སྐད་གྲགས་ཆེན་པོ་ཡོད་པ་འདྲ། གཉིས་པ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཆེན་པོའི་འགྲེལ་བཤད་ཟེར་ཡ་ཞིག དེ་ཡང་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་ཡིན་པ་ལ། འགྱུར་བྱང་མེད་བསྡད་པ་ཞིག་ཡོད་པ་འདྲ། གསུམ་པ་དེ་འགྱུར་བྱང་མེད་པ་དེ། སངས་རྒྱས་གསང་བས་མཛད་མ་མཛད་ཀྱི་དྭོགས་པ་ཡོད་པ་བསམ་སོང་། གསུམ་པ་དེ་རྣམ་པར་སྣང་མཛད་ཀྱི་འགྲེལ་བ་ཟེར་ཡ་ཞིག་ཡོད་རེད། དེའི་འགྱུར་བྱང་གི་ནང་ལོགས་ལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཀྱི་ཚིག་འགྲེལ་ཞེས་གསུངས་ཡོད་རེད། དེ་ཡང་སྔོན་མ་འགྲེལ་པ་དག་པོ་མ་བྱུང་ནས་ཕྱིས་སུ་ཞིབ་དག་ཐེངས་མང་པོ་བྱས་ནས། ཕྱིས་སུ་འགོས་ལོ་ཙཱ་བ་གཞོན་ནུ་པས་ཀྱང་ཞུ་དག་མཛད་གནང་བར་ཞིག་ཡིན་པ་རེད། དེ་ནས་རྣམ་སྣང་མངོན་བྱང་རྒྱ་སྐད་ཐོག་ལ་བསྒྱུར་བཞག་པ་དེ་དང་བོད་སྐད་ཐོག་ཏུ་བསྒྱུར་བཞག་པ་དེ་གཉིས་ཀྱི་བར་དུ་ཚིག་གི་གོ་རིམ་དང་ལེའུའི་གོ་རིམ་ལ་ཕྲན་བུ་ཁྱད་པར་ཡོད་རེད། དེ་ག་ནང་བཞིན་རྒྱ་ནག་སྐད་དུ་བཞུགས་བསྡད་པའི་འགྲེལ་པ་དང་སངས་རྒྱས་གསང་བའི་མཛད་པའི་འགྲེལ་པ་དེ་ཚོའི་ནང་དུ་ཡང་ལུང་དྲངས་བཞག་པའི་རྣམ་སྣང་མངོན་བྱང་གི་རྒྱུད་ཀྱི་ཚིག་དེ་ཚོ་ལ་ཡིན་ན་ཡང་་ཏོག་ཙམ་ཁྱད་པར་དང་འགལ་ཟླ་ཕྲན་བུ་ཡོང་གིན་ཡོད་རེད། དེ་ལ་བརྟེན་ནས་དེང་དུས་ཀྱི་ཞིབ་འཇུག་པ་དེ་ཚོས་ག་རེ་ཚོད་དཔག་བྱེད་ཀྱིན་ཡོད་རེད་ཟེར་ན། རྣམ་སྣང་མངོན་བྱང་གི་རྒྱུད་དེ་ལ་ཐོག་མ་བསྒྲིགས་པ་ནས་བཟུང་ཏེ་རིམ་པ་བཞིན་དུ་རྒྱུད་དེ་ལ་ཞུ་དག་དང་འགྱུར་བ། ཕྱོགས་བསྒྲིགས་ཐེངས་མང་པོ་ཞིག་ཕྱིན་ཡོད་པ་མཚོན་ཐུབ་ཀྱི་ཡོད་རེད་ཟེར། དེ་ཙམ་གྱིས་རྣམ་སྣང་མངོན་བྱང་གི་རྒྱུད་བྱུང་ཚུལ་དང་དེ་ཚོའི་སྐོར་མདོར་བསྡུས་ཞིག་ཞུས་ཟིན་པ་བྱས་ནས།
སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་ཕྱོགས་སུ་རྣམ་སྣང་མངོན་བྱང་གི་རྒྱུད་དེ་དར་ཚུལ།
དེའི་རྗེས་སུ་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་ཕྱོགས་སུ་རྣམ་སྣང་མངོན་བྱང་གི་རྒྱུད་དེ་དར་ཚུལ་སྐོར་ཞུས་པ་ཡིན་ན། ཆོས་རྗེ་ཀརྨ་པ་དཔལ་ལྡན་དུས་གསུམ་མཁྱེན་པ་དང་། དེ་ག་ནང་བཞིན་ཀརྨ་པཀྴི་སོགས་ཀྱི་རྣམ་ཐར། ད་ལྟ་མཇལ་རྒྱུ་ཡོད་པའི་དེ་ཚོའི་ནང་དུ་ཁོང་རྣམ་པ་ཚོས་རྣམ་སྣང་མངོན་བྱང་གསན་ཚུལ་གསལ་པོ་ཞེ་དྲག་འབྱུང་གིན་མི་འདུག་ག། ཡིན་ན་ཡང་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེའི་རང་རྣམ་ཚིགས་བཅད་མ་ཞིག་ཡོད་རེད། དེའི་ནང་དུ་ག་རེ་གསུངས་ཡོད་རེད་ཟེར་ན། བདག་ཉིད་ཆེན་པོ་དཔལ་ལྡན་ཨོ་རྒྱན་པ་ཆོས་ཀྱི་དགོངས་པ་རྫོགས་པར་བྱ་བའི་ཕྱིར། དགེ་བའི་བཤེས་གཉེན་ཀུན་དགའ་དོན་གྲུབ་ལ་དུས་ཀྱི་འཁོར་ལོ་རྒྱུད་འགྲེལ་ཡན་ལག་བཅས་སྒྱུ་འཕྲུལ་དྲྭ་བ་འབྱུང་པོ་འདུལ་བྱེད་དང་། འཁོར་ལོ་ཆེན་པོ་བདུད་འཇོམས་རྒྱུད་འགྲེལ་དང་གཙུག་དགུ་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་དང་བཅས་གསུངས་ཡོད་རེད། གཙུག་དགུ་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་དང་། །ཞེས་ཚིག་གཅིག་ཡོད་རེད། གཙུག་དགུ་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་དང་། །ཞེས་པའི་ཚིག་གཅིག་དེ་ལ། ཀམ་ཚང་གསེར་ཕྲེང་ཟླ་བ་ཆུ་ཤེལ་ཕྲེང་བའི་ནང་དུ། རང་བྱུང་རྡོ་རྗེའི་རང་རྣམ་ཚིགས་བཅད་མའི་ནང་དུ་གཙུག་དགུ་རྣམ་སྣང་མངོན་བྱང་སྒྱུ་འཕྲུལ་དྲྭ་བ་གསུངས་ཡོང་དུས་དེ་ལ། གཙུག་དགུ་ཞེས་ཡར་བཅད། རྣམ་སྣང་མངོན་བྱང་ཞེས་མར་བཅད། སྒྱུ་འཕྲུལ་དྲྭ་བ་ཞེས་ཟུར་དུ་བཅད་ནས་གསུངས་འདུག །བྱས་ཙང་། སྤྱིར་བཏང་ནམ་རྒྱུན། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་ཟེར་ཞིག་ཡོད་རེད་བ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ། རྡོར་སེམས་སྒྱུ་འཕྲུལ་དྲྭ་བ་བྱས། སྒྱུ་འཕྲུལ་དྲྭ་བ་གསུམ་ཙམ་གསུང་གིན་འདུག་ག། བྱས་ཙང། རང་བྱུང་རྡོ་རྗེའི་རང་རྣམ་ནང་དུ་གསུངས་པའི་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་དེ། ཡོངས་གྲགས་ཀྱི་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་གོ་ཡ་ཡིན་ནམ། སི་ཏུ་ཆོས་འབྱུང་གི་ཟླ་བ་ཆུ་ཤེལ་ཕྲེང་བའི་ནང་དུ་གསུངས་པ་ནང་བཞིན། རྣམ་སྣང་ཟེར་ཡ་དེ། རྣམ་སྣང་མངོན་བྱང་ལ་གོ་ཡ་ཡིན་པ་བྱེད། སྒྱུ་འཕྲུལ་དྲྭ་བ་ཟེར་ཡ་དེ། སྒྱུ་འཕྲུལ་དྲྭ་བ་དེ་གཅིག་པུ་ལ་གོ་ཡ་ཡིན་མིན་གསལ་པོ་ཞིག་ཆགས་ཀྱིན་མི་འདུག།།ཡིན་ན་ཡང་གལ་སྲིད། སི་ཏུ་རིན་པོ་ཆེའི་ཟླ་བ་ཆུ་ཤེལ་ཕྲེང་བའི་ནང་དུ་གསུངས་པ་ནང་བཞིན་གཙུག་དགུ་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་གསུང་ཡ་དེ་རྣམ་སྣང་མངོན་བྱང་ཡིན་པ་ཡིན་ན། རང་བྱུང་རྡོ་རྗེས་རྣམ་སྣང་མངོན་བྱང་གསན་ཡོད་པ་ཞིག་དང་། ཀརྨ་ཀམ་ཚང་ལ་རྣམ་སྣང་མངོན་བྱང་ཐོག་མ་དར་ཡ་དེ་ཡང་གཙོ་བོ་ཆོས་རྗེ་རང་བྱུང་རྡོ་རྗེའི་སྐབས་ལ་དར་ཡོད་པ་ཞིག་ཚོད་དཔག་བྱེད་ཐུབ་ས་རེད་བསམ་བསམ་འདུག
རྣམ་སྣང་མངོན་བྱང་གི་དབང་ལུང་མན་ངག་བརྒྱུད་པ་དངོས་སུ་དར་ཡ་ཁ་གསལ་ཤོས་འདྲ་བོ་དེ་ག་རེ་རེད་ཟེར་ན། ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན་གྱི་སྐབས་སུ་བྱུང་བ་རེད། ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན་གྱིས་བུ་སྟོན་གྱི་སློབ་མ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་སོགས་ཀྱི་སློབ་མ་ཞྭ་ལུ་ཙན་དྲ་པའམ་ཟླ་བ་པས་ཟེར་ཡ་དེའི་སྐུ་མདུན་ནས་རྣམ་སྣང་མངོན་བྱང་གསན་ནས། དེ་ནས་ཀརྨ་བཀའ་བརྒྱུད་ལ་རྣམ་སྣང་མངོན་བྱང་གི་བརྒྱུད་པ་རང་རྐང་ཚུགས་པ་དར་བ་ཆགས་ཡོད་རེད། དེ་ཡང་བཀའ་བརྒྱུད་གསེར་ཕྲེང་ཟླ་བ་ཆུ་ཤེལ་ནང་ལོགས་ལ་དྲུག་པ་མཐོང་དོན་ལྡན་གྱི་རྣམ་ཐར་ཐད་ལ་གསལ་པོ་བྲིས་ཡོད་རེད། ག་རེ་གསུངས་ཡོད་རེད་ཟེར་ན། ཟླ་བ་པ་རིན་པོ་ཆེ་ནས། རྩེ་མོ་རིགས་བསྡུས་ཀྱི་དབང་། དཔལ་མཆོག་རིགས་བསྡུས། ཁམས་གསུམ་རྣམ་རྒྱལ། རྡོར་དབྱིངས། རྣམ་སྣང་མངོན་བྱང་སོགས་མང་པོ་ཞིག་གསན་པའི་ལོ་རྒྱུས་གསུང་འདུག། དེ་ཙམ་དུ་མ་ཟད་སྐབས་དེའི་དུས་ཀརྨའི་དགོན་ལ་དགེ་ལུགས་ཀྱི་སྔགས་ཆོག་མང་པོ་ཞིག་བཙུགས་ནས་སྒྲུབ་མཆོད་བྱེད་པའི་ལུགས་སྲོལ་ཞིག་ཡོད་པ་རེད། དེས་ན་མཚུར་ཕུ་ལ་མཐོང་བ་དོན་ལྡན་ཕེབས་པའི་སྐབས་ལ་ཁྱོད་རང་ཚོས་དགེ་ལུགས་པའི་སྔགས་ཆོག་མང་པོ་འདོན་དགོས་ཡ་ཡི་རྒྱུ་མཚན་གང་ཡིན་ཞེས་བཀའ་འདྲི་གནང་དུས། རང་ལུགས་ལ་འདི་འདྲའི་ཡིག་ཆ་མི་འདུག་ཅེས་ཞུས་དུས་ཙ་ན། ཡིག་ཆ་ངས་རྩོམ་གྱི་ཡིན་ཞེས་གསུངས་ནས། རྡོ་རྗེ་དབྱིངས་ཀྱི་སྒྲུབ་དཀྱིལ་དང་། འཁོར་ལོ་སྡོམ་པའི་སྒྲུབ་ཐབས་དང་། སྡོམ་པ་ལུས་སྐྱེས་སྒྲུབ་ཐབས་དང་། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ལ་སོགས་པ་རྒྱུད་སྡེའི་ཆོ་ག་མང་པོ་ཞིག་མཛད་ཡོད་རེད། དཔེར་ན་ད་ལྟ་ང་རང་ཚོས་འདོན་ཡ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་དང་། རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་དང་། དགུ་སྒྲུབ་དགུ་གཏོར་ཆེན་མོའི་གསོལ་ཁ་སོགས་མང་ཆེ་ཞིག་མཐོང་བ་དོན་ལྡན་གྱིས་མཛད་བཞག་པ་ཆགས་བསྡད་ཡོད་རེད། དེ་ག་ནང་བཞིན་དུ་མགོན་པོའི་རྔ་འཆམ་ཆེན་མོ་ཞེས་པ་དེ་ཚོ་ཡིན་ན་ཡང་མཐོང་བ་དོན་ལྡན་གྱིས་མཛད་པ་རེད། དེ་ཙམ་དུ་མ་ཟད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་ཆོག་བསྐལ་བཟང་དགའ་སྐྱིད་ཅེས་པ་ཞིག་མཛད་པ་རེད། དེ་མཛད་དུས་སྐབས་སུ་མཛད་རོགས་གནང་ཞེས་ཞུ་བ་ཕུལ་མཁན་དེ་ཡང་། གོ་ཤྲི་དཔལ་འབྱོར་དོན་གྲུབ་དང་། བན་སྒར་བ་འཇམ་དཔལ་བཟང་པོ་ལ་སོགས་པ་ཡིས་བསྐུལ་མ་བྱས་པ་ཡིན་ཞེས་གསུངས་འདུག།
རྣམ་སྣང་མངོན་བྱང་དབང་གི་བརྒྱུད་རིམ་སོགས་ཀྱི་སྐོར།
དེ་འདྲ་ཡིན་དུས། མཐོང་བ་དོན་ལྡན་གྱིས་ཞྭ་ལུ་ཙན་དྲ་པའི་སྐུ་མདུན་ནས་གསན། མཐོང་བ་དོན་ལྡན་གྱིས་གོ་ཤྲི་དཔལ་འབྱོར་དོན་འགྲུབ་དང་བན་སྒར་བ་འཇམ་དཔལ་བཟང་པོ་ལ་མར་གནང་བ་ཡིན་ས་རེད། ག་རེ་རེད་ཟེར་ལབ་ན། སངས་རྒྱས་མཉན་པ་གྲུབ་ཐོབ་ཀྱིས་གོ་ཤྲི་དཔལ་འབྱོར་དོན་འགྲུབ་སྐུ་མདུན་ནས་རྣམ་སྣང་མངོན་བྱང་གི་དབང་གསན་ཚུལ་གྱི་ལོ་རྒྱུས་ཡོང་གིན་འདུག། སངས་རྒྱས་མཉན་པའི་རྣམ་ཐར་སངས་རྒྱས་གདོད་མ་ཆེན་པོ་ཞེས་མི་བསྐྱོད་རྡོ་རྗེས་མཛད་བཞག་པ་དེའི་ནང་ལོགས་ལ་བྱང་ཆུབ་སེམས་དཔའ་དཔལ་འབྱོར་དོན་འགྲུབ་ལ་མཁའ་འགྲོ་རྒྱ་མཚོ་བདེ་མཆོག་ལོ་ནག་དྲིལ་གསུམ་དགྱེས་རྡོར་བཀའ་བབས་གསུམ། རྟ་མགྲིན་ཐུགས་མགྲིན། གུ་རུ་ཞི་དྲག། ནག་རྒྱལ་ཕག་གསུམ། དོན་ལྡན་ཞབས་ཀྱི་ཚེ་དཔག་མེད། ཕྱི་ནང་གསང་གསུམ། མ་ཧཱ་མཱ་ཡཱ། རྣམ་སྣང་མངོན་བྱང་། ཀུན་རིག། མི་འཁྲུགས་ལ་སོགས་པའི་དབང་ལུང་ཞུས་པ་རེད་ཟེར་ནས་གསལ་པོ་གསུངས་ཡོད་རེད། བྱས་ཙང་སངས་རྒྱས་མཉན་པ་གྲུབ་ཐོབ་ཀྱིས་བྱང་སེམས་དཔལ་འབྱོར་དོན་འགྲུབ་ཀྱི་སྐུ་མདུན་ནས་རྣམ་སྣང་མངོན་བྱང་གསན་ཡོད་པ་བྱས། མི་བསྐྱོད་རྡོ་རྗེས་ཀྱང་ཕལ་ཆེར་སངས་རྒྱས་མཉན་པའི་སྐུ་མདུན་ནས་རྣམ་སྣང་མངོན་བྱང་གསན་ཡོད་ས་རེད་བསམ་བསམ་ཡོད་རེད། ག་རེ་བྱས་ནས་ཟེར་ན། ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ནང་ལོགས་ལ་སངས་རྒྱས་མཉན་པའི་སྐུ་མདུན་ནས་རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱི་གཙོ་བོ་རྣམས་ལ་དབང་བསྐུར་ནས་སྨིན་པ་མཛད་ཞེས་གསལ་པོ་རང་གསུང་ཡོད་མ་རེད། ཡིན་ན་ཡང་། རྒྱུད་སྡེ་བཞིའི་དབང་བསྐུར་གསན་བཞེས་གནང་བ་རེད་ཟེར་བ་ཞིག་གསལ་བསྡད་ཡོད་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་སངས་རྒྱས་མཉན་པའི་སྐུ་མདུན་ནས་རྣམ་སྣང་མངོན་བྱང་གི་དབང་གསན་ཡོད་ས་རེད་བསམ་བསམ་ཡོང་གིན་ཡོད་རེད་ལ།
ལྷག་པར་དུ་རྗེ་མི་བསྐྱོད་རྡོ་རྗེ་ཁོང་རང་གི་བཀའ་འབུམ་ནང་དུ་རྣམ་སྣང་མངོན་བྱང་གི་སྒྲུབ་དཀྱིལ་ཟླ་རྩེ་འཛུམ་པ་ཟེར་ཡ་ཞིག་སྒྲུབ་དཀྱིལ་གསར་དུ་ལྗགས་རྩོམ་མཛད་ཡོད་རེད། དེ་སྒྲུབ་དཀྱིལ་དེ་ཕལ་ཆེར་ཀརྨ་བཀའ་བརྒྱུད་པའི་ནང་ལོགས་སུ་རྣམ་སྣང་མངོན་བྱང་གི་སྒྲུབ་དཀྱིལ་གྱི་ཡིག་ཆ་དེ་མ་གཏོགས་ཡོད་མ་རེད་ལབ་ན་ཕལ་ཆེར་ཧམ་པ་ཚ་འགྲོ་གིན་རེད་མ་གཏོགས། གཞན་སྒྲུབ་དཀྱིལ་དེ་སྔ་ཤོས་ཀྱི་གྲས་ཡིན་པ་འདྲ། དེ་འདྲ་ཡིན་དུས་ཙ་ནས་དེ་རིང་རྒྱལ་བའི་རྒྱལ་ཚབ་དྲུང་གོ་ཤྲི་ཆེན་པོ་ནས་རྣམ་སྣང་མངོན་བྱང་གི་དབང་གནང་ཡ་དེ། སྔོན་གྱི་བཀའ་བརྒྱུད་གོང་མ་རྣམས་ཀྱི་མཛད་པ་དང་རྗེས་སུ་མཐུན་པ་ཞིག་ཆགས་བསྡད་ཡོད་རེད། ག་རེ་བྱས་ནས་ཟེར་ན། སྔོན་རྗེ་དྲུག་པ་མཐོང་བ་དོན་ལྡན་གྱིས་གོ་ཤྲི་དཔལ་འབྱོར་དོན་འགྲུབ། རྒྱལ་ཚབ་སྐུ་ཕྲེང་དང་པོ་རེད་བ། རྒྱལ་ཚབ་སྐུ་ཕྲེང་དང་པོ་གོ་ཤྲི་དཔལ་འབྱོར་དོན་འགྲུབ་ལ་རྣམ་སྣང་མངོན་བྱང་གི་དབང་བསྐུར་བ་མཛད། གོ་ཤྲི་དཔལ་འབྱོར་དོན་འགྲུབ་ཀྱིས་ཀྱང་དེའི་དབང་དེ་སངས་རྒྱས་མཉན་པ་གྲུབ་ཐོབ་ལ་སོགས་པའི་སྣོད་ལྡན་སློབ་མ་གཞན་ལ་དབང་སྤེལ་བར་མཛད་པ་ལ་སོགས་པ་དེ་འདྲ་བའི་རྣམ་ཐར་ཡོད་པ་ཡིན་དུས། དེའི་རྣམ་ཐར་དང་རྗེས་སུ་མཐུན་པ་ཆགས་ཀྱིན་ཡོད་རེད་བསམ་དྲན་གྱིན་འདུག
ད་རེས་རིན་པོ་ཆེ་ཡི་དབང་བསྐུར་གནང་ཡ་ཡི་རྣམ་སྣང་མངོན་བྱང་དེ་བཱ་རི་ལོ་ཙཱ་ནས་བཀའ་གདམས་པ་ལ་བརྒྱུད། དེ་ནས་བུ་སྟོན་ལ་བརྒྱུད། བུ་སྟོན་ནས་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་ལ་སོགས་པ་ཞྭ་ལུ་དང་ས་སྐྱ་པ་དེ་ཚོ་ལ་བརྒྱུད། དེ་ནས་ཡང་དགེ་ལུགས་ལ་བརྒྱུད། དར་རིན་ཆོས་རྗེ་དང་། འཇམ་བཞད་གཉིས་པ་འཇིགས་མེད་དབང་པོ་དང་། དྷི་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ་དང་། བྲག་གོང་པ་བསྟན་པ་རབ་རྒྱས་ལ་སོགས་པ་དགེ་ལྡན་པའི་བླ་མ་དེ་ཚོ་ལ་བརྒྱུད། བྲག་གོང་པ་བསྟན་པ་རབ་རྒྱས་ནས་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་བརྒྱུད། འཇམ་དབྱངས་མཁྱེན་དབང་པོའི་སྐུ་མདུན་ནས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་གསན་འདུག་བ། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་གཞན་ལ་དབང་གནང་ཡ་བྱུང་ཡོད་དམ་མེད་དམ་ཧ་གོ་ཡ་མི་འདུག
དུས་ཕྱིས་སུ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་རྒྱུད་སྡེ་ཀུན་བཏུས་ཀྱི་དབང་རྒྱུན་སྤེལ་གནང་མཁན་གཙོ་བོ་ཞིག་ཆགས་བསྡད་ཀྱི་ཡོད་ས་རེད། ཁོང་གིས་མཛད་པའི་རྣམ་ཐར་དད་པའི་འཇུག་ངོགས་ཀྱི་ནང་དུ་ཁོང་གིས་ཐེངས་གཅིག་ཁོང་གི་ཉེ་གནས་བླ་མ་གུ་རུ་ཟེར་བ་དེ། བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེའི་གཟིམ་ཤག་ལ་སྐུ་བཅར་ཞུས་པ་རེད་ཟེར། སྐབས་དེ་དུས་རིན་པོ་ཆེ་རྒྱུན་ལྡན་དང་མ་འདྲ་བར་ཐུགས་དགྱེས་པོ་ཞེ་བོ་གནང་ནས་བུམ་ཆུ་གནང་བྱས་ནས། དེ་རིང་ས་སྐྱ་གོང་མ་རིན་པོ་ཆེ་འདིར་ཕེབས་བྱས་ནས། ང་ལ་ཡར་རྒྱུད་སྡེ་ཀུན་བཏུས་ཀྱི་དབང་འདོན་རོགས་ཅེས་གསུང་གིན་འདུག ཡིན་ན་ཡང་། ཐོག་མ་ངས་ཁས་ལེན་ཞུས་ཕོད་མ་སོང་། ཡིན་ན་ཡང་། རིན་པོ་ཆེ་ཡིས་དཔེ་ཐུགས་ནན་ཏན་ཆེན་པོས་ཞེ་དྲག་གསུང་གིན་འདུག དེ་འདྲ་ཡིན་དུས་སྔོན་མ་ཡིན་ན་ཁང་གསར་མཁན་རིན་པོ་ཆེ་ལ་དབང་རྒྱུན་དེ་བཞུགས་ཡོད་རེད། དེང་སང་མཁན་རིན་པོ་ཆེ་ཞིང་ལ་གཤེགས་ནས་ད་དབང་རྒྱུན་དེ་ཕལ་ཆེར་ང་ལ༼བཅོ་བརྒྱད་གོང་མ་ཁྲི་ཆེན་རིན་པོ་ལ༽ མ་གཏོགས་བཞུགས་ཡོད་མ་རེད། ད་བཀའ་ཆོས་ཟབ་མོ་དེ་༧གོང་མ་རིན་པོ་ལ་ཕུལ་ཡ་ཡི་ཁས་ལེན་མ་ཞུས་ཀ་མེད་འདྲ་བོ་བྱུང་སོང་ཞེས་དེ་འདྲ་གསུངས་འདུག། དེ་དང་མཉམ་དུ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེས་ག་རེ་གསུངས་འདུག་རེད་ཟེར་ན། མ་གཞི་ལོ་ཁ་ཤས་ཀྱི་སྔོན་ནས་འཕགས་པ་ཤིང་ཀུན་ནས་༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེས་གདམས་ངག་མཛད་གནང་པའི་སྐབས་སུ་ཁོང་དེ་ལ་བཅར་བ་ཡིན། སྐབས་དེའི་དུས་རྒྱལ་དབང་བཅུ་དྲུག་པ་ཆེན་པོས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་ངའི་དཔུང་པ་ལ་ཕྱག་བཞག་གནང་ལྡིག་ལྡིག་གནང་ནས། ད་རིན་པོ་ཆེ་རྗེས་མ་ས་སྐྱ་གོང་མས་ཁྱོད་རང་གི་རྩ་ནས་རྒྱུད་སྡེ་ཀུན་བཏུས་ཞུ་ཡི་རེད། དེའི་དུས་མིན་མ་གསུང་ཨ་བྱས་ནས་གསུངས་སོང་། དེ་ཙམ་དུ་མ་ཟད། ཁྱོད་རང་གི་མ་འོངས་པ་རྒྱུད་སྡེ་ཀུན་བཏུས་དབང་གནང་དུས། དེའི་དུས་ངས་སྤྲུལ་སྐུ་ཁ་ཤས་ཞིག་ཁྱོད་ཀྱི་སྐུ་མདུན་དུ་དབང་ཞུ་ཀ་གཏོང་གི་ཡིན་ཞེས་བཀའ་གནང་སོང་། དེ་ལུང་སྟོན་རང་རེད་འདུག སྐྱབས་སུ་མཆི་བྱས་ཐལ་མོ་དང་བཅས་ཏེ་གསུང་འདུག། དེ་ནས་བཟུང་སྟེ་ད་ང་ཚོ་ལུམ་བྰི་གནས་ཚ་བའི་ཁྲོད་དུ་སྡོད་དགོས་ས་མ་རེད་གསུང་ནས། རྒྱ་གར་ལ་གོང་མ་རིན་པོ་ཆེ་བཞུགས་ས་ལ་ཕེབས་དགོས་ཞེས་བཀའ་ཕེབས་ནས། ལོ་གསུམ་གྱི་རིང་ལ་རྒྱ་གར་རཱ་ཛཱ་པུར་ས་སྐྱ་ཆོས་སྒར་ལ་ཕེབས་ནས་རྒྱུད་སྡེ་ཀུན་བཏུས་ཀྱི་དབང་ལུང་དེ་ཚོ་ཁྲི་ཆེན་གོང་མ་རྡོ་རྗེ་འཆང་དང། དེ་ག་ནང་བཞིན་ས་ངོར་ཚར་གསུམ་གྱི་བླ་སྤྲུལ་མང་པོ་ཞིག་འཛོམས་ཡིན་པ་འདྲ། འཛོམས་བྱས་ནས་རྒྱུད་སྡེ་ཀུན་བཏུས་ཀྱི་དབང་དེ་ཚོ་ཕུལ་གནང་འདུག། སྔོན་མ་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་གཉིས་པའི་སྐབས་ཡིན་པ་ཡོད། སྐབས་གཅིག་ལ་ང་རང་ཚོ་ས་སྐྱའི་༧སྐྱབས་མགོན་ཁྲི་ཆེན་རྡོ་རྗེ་འཆང་བཀའ་བརྒྱུད་སྨོན་ལམ་ལ་གདན་འདྲེན་ཞུས་ནས་ཕེབས་པ་དེའི་དུས་སྐབས་སུ་བཀའ་སློབ་གནང་སོང་། བཀའ་སློབ་ག་རེ་གནང་སོང་ཟེར་ན། ༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་ལ་ཐུགས་ཐག་ཉེ་བོ་ཞེ་དྲག་ཡོད། ཐེངས་གཅིག་༧རྒྱལ་དབང་མཆོག་སྐུ་སྙུང་པའི་སྐབས་སུ་ལྡི་ལི་ལ་སྨན་ཁང་ནང་དུ་བཅར་ནས། སྐུ་ཚེ་ཞབས་པད་བརྟན་རོགས་གནང་ཞེས་གསོལ་བ་བཏབ་པ་ཡིན་གསུངས། དེའི་སྐབས་སུ་གོང་མ་རིན་པོ་ཆེ་རྒྱུད་སྡེ་ཀུན་བཏུས་ཀྱི་དབང་ཞུས་ནས་དུས་ཚོད་མང་པོ་ཞེ་དྲག་ཕྱིན་ཡོད་ས་མ་རེད། ད་རྒྱུད་སྡེ་ཀུན་བཏུས་ཀྱི་དབང་ཞུས་པ་དེ་འདྲའི་སྐོར་བཀའ་མོལ་བྱུང་ཡིན་པ་འདྲ། དེའི་དུས་རྒྱལ་དབང་བཅུ་དྲུག་པས་རྒྱུད་སྡེ་ཀུན་བཏུས་ཀྱི་དབང་ཞུས་ན་དཔེ་མི་ཟད་པའི་ཡག་པོ་ཞེ་དྲག་བྱུང་འདུག མ་འོངས་པ་རྒྱུད་སྡེ་ཀུན་བཏུས་ཀྱི་ནང་ལོགས་ལ་ཁ་བསྐང་ཞུ་དགོས་ཡ་ཁ་ཤས་ཡོད་པ་འདྲ། དེ་ཚང་མ་ཁ་བསྐང་བྱས་ནས་ཆ་ཚང་བ་ཞིག་གནང་དགོས་ཡ་དེ་གལ་ཆེན་པོ་རེད་ཅེས་དེ་འདྲའི་བཀའ་ཕེབས་བྱུང་ཞེས་གསུངས་སོང་བ། དེའི་རྒྱུ་མཚན་ལ་བརྟེན་ནས། དེ་རིང་ང་རང་ཚོ་རྒྱུད་སྡེ་ཀུན་བཏུས་ཀྱི་ནང་ལ་བཞུགས་བསྡད་པའི་རྣམ་སྣང་མངོན་བྱང་གི་དབང་ཞུ་ཡ་དེ་ཡིན་པ་ཡིན་ན། རྒྱལ་དབང་བཅུ་དྲུག་པ་ཆེན་པོའི་ཐུགས་ཀྱི་དགོངས་པ་དང་ཡོངས་སུ་མཐུན་བསྡད་པ་ཞིག་དང་། དེའི་དགོངས་པ་ཡོངས་སུ་རྫོགས་པ་ལ་ང་ཚོས་ཞབས་ཕྱི་ཆེན་པོ་ཞིག་ཆགས་བསྡད་ཡོད་རེད་བསམ་གྱིན་འདུག
༧རྒྱལ་ཚབ་རིན་པོ་ཆེས་དབང་ཞུ་གནང་ས་དེ་༧དཔལ་ས་སྐྱའི་གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆགས་བསྡད་ཡོད་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་ང་རང་ཚོ་ཚང་མས་དེ་རིང་གོ་སྐབས་འདི་དང་བསྟུན་བྱས་ནས་གོང་མ་རིན་པོ་ཆེ་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་ཡ་ཞིག་དང་། བསྟན་འགྲོའི་དོན་དུ་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན་ཡ་དང་མཛད་པ་ཕྲིན་ལས་ནམ་མཁའ་དང་མཉམ་པ་ཡོང་བའི་དོན་དུ་ཐུགས་སྨོན་གནང་རོགས་གནང་ཞུ་ཡ་དང་། དེ་ག་ནང་བཞིན་༧རྒྱལ་བའི་རྒྱལ་ཚབ་དྲུང་གོ་ཤྲི་ཆེན་པོ་མཆོག་ལ་ཡིན་ན་ཡང་། ང་རང་ཚོ་ཚང་མས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ། ངས་གོང་དུ་ཞུས་པ་ནང་བཞིན་རེད། རིན་པོ་ཆེ་ཆེད་མངགས་ཀྱིས་ས་སྐྱའི་ཆོས་སྒར་ལ་ཕེབས་ནས་གོང་མ་རིན་པོ་ཆེའི་སྐུ་མདུན་ནས་དབང་དེ་གསན་བཞེས་གནང་། དབང་དེ་གསན་པ་ཙམ་དུ་མ་ཟད་རིན་པོ་ཆེ་གདན་ས་ལ་ཡར་ཕེབས་བྱས་ནས། བསྙེན་མཚམས་དེ་ཚོ་ཚད་ལྡན་ཞིག་ལོ་ཁ་ཤས་སྔོན་ནས་གྲུབ་པ་ཞིག་ཆགས་བསྡད་ཡོད་རེད། དེ་རེས་དབང་གནང་ཁ་ལ་ཁ་དེ་ལ་ཡིན་ན་ཡང་དེ་ག་ཙམ་གང་བྱུང་མ་ཡིན་པ་བྱས་ནས། ཡང་བསྐྱར་སྐུ་མཚམས་ཞག་པོ་བདུན་ལ་བཞུགས་གནང་བྱས། ཐུགས་བསྐྱེད་དང་སྨོན་ལམ་རྒྱ་ཆེན་པོའི་སྒོ་ནས་དབང་གནང་བ་དེ་འདྲ་ཆགས་བསྡད་ཡོད་རེད། དེ་འདྲ་ཡིན་དུས་ཙ་ནས་ཚང་མས་ངོས་ནས་དེ་རིང་གི་དབང་གནང་ཡ་དེ་དགོས་པ་དགོས་ཆེད་ཆེན་པོ་ཡོད་བསྡད་པ་ཞིག་དང་ལོ་རྒྱུས་ཀྱི་ཐོག་ནས་བྱས་པ་ཡིན་ན་ཡང་རིན་ཐང་ཡོད་བསྡད་པ། དེ་ག་ནང་བཞིན་གོང་མའི་རྣམ་ཐར་དང་མཐུན་བསྡད་པ། རྒྱལ་དབང་བཅུ་དྲུག་པ་ཆེན་པོའི་དགོངས་པ་དགོངས་གཞི་དང་མཐུན་བསྡད་པ་ཞིག་ཚང་མས་མཁྱེན་པའི་ཐོག་ནས། སང་ཉིན་སྟ་གོན་དང་གནང་ཉིན་དངོས་གཞི་དབང་རེད། དེ་ཚོ་ཚང་མ་ལ་ཡག་པོ་བྱེད་བྱས། སོ་སོའི་དད་པ་དང་གུས་པ་བཅས་པའི་སྒོ་ནས་ཡག་པོ་བྱེད་ནས་གསན་རོགས་ཞུ་ཡ་དེ་ཙམ་ཡིན།
བོད་རྒྱལ་ལོ་ ༢༡༥༢ ཟླ་བ་ ༡༡ ཚེས་ ༤ ཉིན་ལ་དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གིས་བླ་མེད་པའི་དབུ་ཁྲིད་ཀྱི་གྲིབ་བསིལ་འོག གནས་མཆོག་རྡོ་རྗེ་གདན་དུ་ལོ་ལྟར་བཞིན་བྱམས་པ་དང་སྙིང་རྗེའི་ས་བོན་སྤེལ་བའི་སླད་དུ་འཚོགས་བཞིན་པའི་བཀའ་བརྒྱུད་སྨོན་ལམ་ཆེན་མོ། ཐེངས་བཞི་བཅུ་པའི་སྔོན་འགྲོའི་གསུང་ཆོས་ཚོགས་ཐེངས་གཉིས་པའི་སྐབས་སུ་བསྩལ་གནང་བའི་བཀའ་སློབ་ཟག་མེད་གསུང་གི་བདུད་རྩི་བཀའ་བརྒྱུད་སྨོན་ཆེན་མོའི་གནས་ཚུལ་ཕྱོགས་བསྡུས་པ་གུས་ཉི་མ་དོན་འགྲུབ་ནས་སྒྲ་ཕབ་བྱས་པར་དགེའོ།
































