KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་བརྒྱད་པའི་དངོས་གཞི་ཉིན་དང་པོ།

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་བརྒྱད་པའི་དངོས་གཞི་ཉིན་དང་པོ།

༡༽ བཀའ་བརྒྱུད་སྨོན་ལམ་ཐོག་མར་དབུ་ཚུགས་པའི་ལོ་དང་དགོས་དོན་མདོར་ཙམ་གླེང་ན།
སྤྱིར་བཀའ་བརྒྱུད་སྨོན་ལམ་ཐེངས་དང་པོ་ནི་སྤྱི་ལོ་ ༡༩༨༣ ལོ་ལ་༧སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་དང་༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་རྣམ་གཉིས་གཙོས་པའི་བཀའ་བརྒྱུད་བསྟན་པའི་གསལ་བྱེད་རྣམས་ཀྱིས་དབུ་བཙུགས་གནང་བ་ཡིན།
དགོས་དོན་མཐའ་ཡས་ཀྱང་། མདོར་བསྡུས་ཤིག་ཞུས་ན། ༧ རྒྱལ་དབང་བཅུ་བདུན་པ་མཆོག་གིས། བཀའ་བརྒྱུད་སྨོན་ལམ་ཚུགས་པའི་དགོས་དོན་ནི་འཇིག་རྟེན་ནང་བྱམས་པ་དང་བརྩེ་བའི་ས་བོན་སྤེལ་ཕྱིར་དང་། དེ་བཞིན་ཀུན་སློང་རྣམ་པར་དག་པའི་སྒོ་ནས་རང་གི་ནུས་པ་གོང་དུ་སྤེལ་ཏེ་འཇིག་རྟེན་གྱི་སྐྱེ་འགྲོ་མ་ལུས་པར་ཡང་དག་པའི་ཞི་བདེ་དང་། བྱམས་པ། བདེ་སྐྱིད་ཕུན་སུམ་ཚོགས་པ་སྤེལ་བའི་ཕྱིར་ཡིན།     ཞེས་གསུངས་པ་བཞིན་ཡིན།

༢༽ དེང་གི་བར་དུ་མ་ཉམས་པར་རྒྱུན་སྐྱོང་པ་པོའམ་ཕྲིན་ལས་ཀྱི་བྱེད་པོ་གཙོ་བོ་ནི། དེ་ཡང་ཇི་སྐད་དུ།
མ་འོངས་སངས་རྒྱས་དྲུག་པ་སེང་གེའི་མཚན། །
ད་ལྟ་རྣམ་འཕྲུལ་དུ་མས་ཞིང་ཀུན་སྐྱོང༌། །
སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ཆོས་ཀྱི་རྗེ། །
དུས་གསུམ་མཁྱེན་པའི་ཞབས་ལ་གསོལ་བ་འདེབས། །
ཞེས་གསུངས་པ་བཞིན་དུ། མ་འོངས་སངས་རྒྱས་དྲུག་པའི་རྣམ་སྤྲུལ། སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་གཙུག་རྒྱན། གྲུབ་རིགས་བསྟན་པའི་མངའ་བདག དཔལ་རྒྱལ་དབང་ཀརྨ་པའི་ན་རིམ་གྱི་མཚན་གྱི་ཅོད་པན་འཆང་བ། སྐུ་ཡི་གཟི་བརྗིད་ལྡན། གསུང་གི་བྱེད་པོར་སྤྲུལ། ཐུགས་ཀྱི་མཁྱེན་པ་བརྟས་པའི་སྐུ་གསུང་ཐུགས་ཀྱི་གདུང་འཚོབ་བླ་ན་མེད་པ་འཁྲུལ་མེད་དུ། འོ་སྐོལ་རྣམས་ཀྱི་གཙུག་ཏུ་ལྷག་པའི་ལྷ་སྐལ་དུ་ཕེབས་པའི་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་བོད་ནས་བཙན་བྱོལ་དུ་ཕེབས་རྗེས། ཕྱི་ལོ་ ༢༠༠༤ ནས་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གཙོ་སྐྱོང་མཛད་པ་ནས་བཟུང་། ད་བར་དུ་མགོན་པོ་གང་གི་བརླབ་ཆེན་གྱི་ཐུགས་བསྐྱེད་ཟབ་མོའི་རྟ་བདུན་དབང་པོའི་འོད་མདངས་ལས་འཕྲོས་པའི་གསང་གསུམ་གྱི་མཛད་ཕྲིན་དང་། བཀའ་སློབ་ལམ་སྟོན་གྱི་ཉི་ཟེར་འོག ལོ་ལྟར་རྒྱ་བལ་འབྲུག་གསུམ་ལ་གཉུག་མར་གནས་པའི་གདན་ས་གསུམ་གཙོས་པའི་བཀའ་དགོན་ཚང་མའི་དགེ་འདུན་བཙུན་པ་བཙུན་མ་སྟོང་ཚོ་གསུམ་བཞི་ལྷག་ལས་བརྒལ་བ་དང་། དེ་བཞིན་དུ། འཛམ་གླིང་ཡུལ་གྲུ་ཀུན་ནས་ཕེབས་པའི་སྐལ་བ་དང་ལྡན་པས་དད་གུས་ཀྱི་མེ་ལྕེ་འབར་བའི་དད་ལྡན་སློབ་མ་རྣམས་དང་ཆོས་ཞུ་བ་སྟོང་ཚོ་དུ་མས། བདག་ཅག་གི་ཟླ་མེད་སྟོན་པ་ཆེན་པོ་སངས་རྒྱས་སའི་གནས་མཆོག་ཁྱད་པར་ཅན། འཛམ་གླིང་ས་ཡི་ལྟེ་བ་གནས་མཆོག་རྡོ་རྗེ་གདན་དུ་ལྷན་འཛོམས་ཐོག་སྤྱིར་ཡངས་པའི་རྒྱལ་ཁམས་ཀུན་ཏུ་མི་འདོད་པ་རང་བྱུང་འབྱུང་བཞིའི་འཇིགས་པ་དང་། རང་བྱུང་མ་ཡིན་པ་རྡུལ་ཕྲན་གོ་མཚོན་སོགས་ཀྱི་འཇིགས་པ་ཐམས་ཅད་དམིགས་མེད་དུ་ཞི་ནས། བྱམས་བརྩེའི་ས་བོན་དཀར་པོས་ཀུན་ལ་ཁྱབ་པ་དང་རྣམ་དག་ཀུན་སློང་དྭངས་མའི་སྒོ་ནས། སྒེར་སོ་སོའིངོས་ནས་ཀྱང་རང་ནུས་གང་ལྕོགས་ཀྱིས་གོང་དུ་སྤེལ་ནས་སྐྱེ་འགྲོ་ཡོངས་ཀྱི་རྒྱུད་ལ་ཞི་བདེ་བག་ཕེབས་དང་། ཕན་ཚུན་གུས་བཀུར། བྱམས་བརྩེ། ལྷག་བསམ་སོགས། མདོར་ན། ལུགས་གཉིས་ཀྱི་གཤོག་རྩལ་རྒྱས་པ་དང་། ཚོགས་གཉིས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ཏེ་ཕུན་ཚོགས་སྡེ་བཞིའི་ཕྱོགས་མཐའ་ཀུན་ནས་གསལ་ཏེ་བདེ་སྐྱིད་རྫོགས་ལྡན་གསར་བའི་སྐྱ་རེངས་འཆར་ཕྱིར། འཚོགས་བཞིན་ཡོད་ལ། སྔར་ལོ་ཤས་རིང་དུ་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་གནས་མཆོག་རྡོ་རྗེ་གདན་དུ་ལྷན་ཅིག་ཏུ་ཚོགས་མ་ཐུབ་ཀྱང་།
སླར་འདིའི་ལོ་༧རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་ཐུགས་བསྐྱེད་ཟབ་མོ་དང་། བཀའ་དགོངས་ལྟར་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་བརྒྱད་པར་༧ བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་ལྷག་པར་བརྩེ་བའི་ཐུགས་རྗེ་ཆེན་པོའི་སྒོ་ནས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྔོན་འགྲོའི་གསུང་ཆོས་འཕགས་པ་བྱམས་པའི་སྨོན་ལམ་གསུང་ཆོས་དང་བྱམས་པའི་རྗེས་གནང་། དབུ་ཞྭ་མཐོང་གྲོལ་ཆེན་མོ་བསྒྲོན་པའི་མཇལ་ཁའི་ཞལ་བཞེས་གནང་བའི་སྒོ་ནས་ཉིན་གསུམ་རིང་ལ་ལེགས་པར་གྲུབ་ཟིན་ནས།

༣༽ དེ་རིང་སྟེ་སྤྱི་ལོ་ ༢༠༢༤/༡/༡༨ བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པའི་དངོས་གཞིའི་འདོན་ཆ་སྔར་དང་ཅུང་ཙམ་མི་མཚུངས་པར། འདིའི་ལོ་བཀའ་བརྒྱུད་སྨོན་ལམ་སྐབས་སུ། བཀའ་བརྒྱུད་བསྟན་པའི་སྲོག་ཤིང་། ༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་གིས། བཀའ་བརྒྱུད་བསྟན་པའི་སྲོག་འཛིན། ༧ བྱམས་མགོན་རྡོ་རྗེ་འཆང་གི་དགོངས་བཞེད་ལྟར་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་དང་། དམ་ཚིག་རྡོ་རྗེའི་བཟླས་པའི་འབུམ་ཚོགས་བསོག་རྒྱུ་དགོངས་བཞེད་ཡོད་པ་དེ་བཞིན་གནང་སྟེ། ཉིན་དང་པོ་ཐོ་རེངས་ཕྱག་ཚོད་ལྔ་པའི་ཐོག་དགེན་འདུན་བཙུན་པ་བཙུན་མ་རྣམས་སྐུ་བཞེངས་གནང་སྟེ་གདོང་དང་སོ་ཡི་དྲི་ལེགས་པར་བཀྲུས་རྗེས། ཕྱག་ཚོད་ལྔ་དང་ཕྱེད་ཀ་ཐོག་ཚོགས་བརྡ་བཏང་ནས་ཕྱག་ཚོད་དྲུག་པའི་སྟེང་དུ་༧རྒྱལ་དབང་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་མོ་སྤོས་སྣ་རྒྱ་བསུ་དང་བཅས་པས་སྨོན་ལམ་ཆོས་རྭ་ཆེན་མོ་ལ་གདན་འདྲེན་ཟབ་རྒྱས་ཞུས་ཏེ། གསེར་ཁྲི་ཁམས་གསུམ་ཟིལ་གནོན་གྱི་རྡོ་རྗེའི་གདན་སྟེང་དུ་བཞུགས་སུ་གསོལ་རྗེས། ས་གཞི་བྱིན་རླབས་ཀྱི་ཆོས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ཏེ། སྨོན་ལམ་ཐམས་ཅད་ཀྱི་རྒྱལ་པོ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་དང་དམ་ཚིག་རྡོ་རྗེའི་བཟླས་པའི་འབུམ་ཚོགས་སྨོན་ལམ་གསོག་པའི་དབུ་ཚུགས་ནས་ཕྱག་ཚོད་བརྒྱད་དང་ཕྱེ་ཀ་བར་ཚོགས་ཐེངས་དང་པོ་གྲུབ། དེའི་རྗེས་སུ། ༧བྱམས་མགོན་རྡོ་རྗེ་འཆང་ཆེན་མཆོག་འབུམ་ཚོགས་སྨོན་ལམ་ཆེན་མོ་ལ་ཐུགས་བརྩེ་ཆེན་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་དབུ་བཞུགས་ཐོག། གཏོང་ཕོད་ཅན་གྱི་དད་ལྡན་སྦྱིན་བདག་རྣམས་ཀྱི་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། འབུམ་ཚོགས་སྨོན་ལམ་ཕྱག་ཚོད་བཅུ་གཅིག་བར་དུ་དགེ་འདུན་བཙུན་པ་བཙུན་མ་རྣམས་དང་། རྒྱལ་ཕྱི་ནང་ཀུན་ནས་ཕེབས་པའི་དད་ལྡན་སློབ་མ་རྣམས་ཀྱིས་གྲངས་བསགས་གནང་སྟེ། མཐར་༧བྱམས་མགོན་རྡོ་རྗེ་འཆང་མཆོག་གིས་དམ་ཚིག་རྡོ་རྗེའི་བཟླས་པའི་ལྗགས་ལུང་བཀའ་དྲིན་བསྐྱངས་བའི་སྒོ་ནས་རྣམ་དཀར་གྱི་དགེ་ཚོགས་བསྔོ་སྨོན་གྱིས་བརྒྱན་ཏེ་སྔ་དྲོའི་ཚོགས་ཐུན་གྲོལ་བའི་སྣང་བརྙན་གྱི་རྣམ་པ་ལགས་སོ། །
སྤྱི་ལོ༢༠༢༤/༡/༡༨ ཉིན་གནས་ཚུལ་ཕྱོགས་བསྡུས་པ་ཉི་མ་དོན་འགྲུབ་ནས་ཕུལ།
2024.01.18 38th Kagyu Monlam Begins • Day One