KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པའི་སྔོན་འགྲོའི་གསུང་ཆོས།

བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པའི་སྔོན་འགྲོའི་གསུང་ཆོས།

སྤྱི་ལོ་༢༠༢༤ ༡ ༡༤ ཉིན་དང་པོའི་སྔ་དྲོའི་ཆོས་ཐུན་དང་པོ།
འདི་ལོར་༧ དཔལ་རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་སྨོན་ལམ་ཚོགས་པའི་ངོས་ནས་ཆེད་བཅར་གྱི་༧ བྱམས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་གདན་འདྲེན་ཞུས་པས། རང་གཞན་རྣམས་ཀྱི་རེ་འདོད་ཡིད་བཞིན་དུ་འགྲུབ་སྟེ་སྨོན་ལམ་ཚོགས་མགོན་དུ་ཕེབས་རྒྱུ་ཞལ་བཞེས་བཟང་པོ་ཐོབ་པ་མ་ཟད། བྱམས་པའི་སྨོན་ལམ་གྱི་བཀའ་ཆོས་གནང་རྒྱུའི་བཀའ་གསུང་སྤྱི་བོར་ཕེབས་པ་བཞིན་སྤྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༨ ཉིན་སྐལ་བཟང་སངས་རྒྱས་སྟོང་རྩ་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་མཆོད་རྟེན་ཆེན་མོའི་ཉེ་འགྲམ་གཏེར་སྒར་མཁའ་སྤྱོད་དར་རྒྱས་གླིང་དུ་༧ བྱམས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་ཞབས་སོར་བདེ་བར་འཁོད། སྤྱི་ལོ་ ༢༠༢༤ ༡ ༡༤ ཉིན་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པའི་སྔོན་འགྲོའི་གསུང་ཆོས་དངོས་སུ་དབུ་ཚུགས། ཞོགས་པ་ཆུ་ཚོད་བརྒྱད་པའི་ཐོག་སྤོས་རྒྱ་སེར་ཕྲེང་དང་བཅས་༧ བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱ་ཡི་སི་ཏུ་སྨོན་ལམ་ཆོས་རའི་ནང་དུ་ཞབས་སོར་འཁོད་རྗེས་དབུ་མཛད་ནས་རྡོ་རྗེ་འཆང་ཐུང་མ་ནས་དབུ་བཙུགས་ཏེ་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་རྗེས།

༧ བྱམས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་གསུང་དོན། ད་ལམ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་བརྒྱད་པ་འཚོགས་པའི་སྐབས་སུ་བབས་པ་རེད། ཟླ་ཤས་ཀྱི་སྔོན་ལ་གདན་ས་རུམ་བཏེག་མཚུར་སྒར་བླ་བྲང་གི་འགན་འཛིན་རྣམ་པ་དང་། བཀའ་བརྒྱུད་སྨོན་ལམ་གྱི་འགན་འཛིན་རྣམ་པས་ཡི་གེ་བསྣམས་ནས་ཕེབས་སོང་། ཡི་གེའི་ནང་དོན་ལ་༧ རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གིས་བཀའ་གནང་སྟེ་ད་ལོ་སྨོན་ལམ་གྱི་དབུ་ལ་ཞེ་ས་ཞུས་ན་གདན་ཞུས་བྱས་བྱུང་། སྤྱིར་བཏང་རྡོ་རྗེ་གདན་གྱི་སྨོན་ལམ་དབུ་ཚུགས་པའི་དུས་སྤྱི་ལོ་ ༡༩༨༣ ལོ་རེད། སྨོན་ལམ་དབུ་ཚུགས་ནས་ལོ་འགའ་ཤས་ཀྱི་རྗེས་ལ་ཐེངས་གཉིས་ཙམ་བཅར་མྱོང་། དེ་ནས་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོར་འཁོད་དེ་ལོ་ཤས་ཀྱི་རྗེས་སུ་སྨོན་ལམ་ལ་ཕེབས་གྲུབ་པ་རེད། བཀའ་བརྒྱུད་སྨོན་ལམ་ཞེས་ཡོངས་སུ་གྲགས་པ་ཚང་མས་མངོན་པར་བཀུར་བ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཐོག་ཏུ། ༧ རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གིས་ཕྱག་ལས་གནང་བ་ནས་བཟུང་སངས་རྒྱས་བཅོམ་ལྡན་འདས་སླར་ཡང་འཛམ་བུ་གླིང་དུ་ཕེབས་པ་ལྟ་བུ་གནང་སོང་ཞེས་ཀུན་གྱིས་མངོན་པར་བསྟོད་པ་བྱུང་བ་རེད། ད་རེས་ཁྱེད་རྣམ་པས་ང་འདིར་ཤོག་གསུང་པ་རེད། ང་བཅར་བ་ཡིན། བཅར་དགོས་པའི་རྒྱུ་མཚན་ནི། སྤྱིར་བཏང་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་ལོ་ལྟར་སྨོན་ལམ་འཚོགས་ཀྱི་ཡོད་རེད། ཡིན་ན་ཡང་གནས་ཁྱད་པར་ཅན་རྡོ་རྗེ་གདན། ཆོས་ཁྱད་པར་ཅན་འཕགས་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། དུས་ཁྱད་པར་ཅན་བཀའ་བརྒྱུད་སྨོན་ཆེན་མོའི་སྐབས་སུ་བཅར་རྒྱུ་བྱུང་བ་ནི་ང་རང་གི་བསོད་ནམས་ཀྱི་ཚོགས་རྫོགས་པ་དང་། ཁྱེད་རང་ཚོས་ཀྱང་ཆོས་རྣམ་པར་དག་པ་འདི་འདྲ་བོ་བསྒྲུབ་པའི་མཐུན་རྐྱེན་སྐུལ་མ་ཞུ་རྒྱུའི་ཆེད་དུ་བཅར་བ་ཡིན། དེ་ནས་ཉིན་གསུམ་གྱི་མཚམས་ནས་བཀའ་བརྒྱུད་སྨོན་ལམ་དབུ་ཚུགས་ཀྱི་ཡོད་རེད། བཀའ་བརྒྱུད་ཅེས་པ་དེ་བོད་གངས་ཅན་གྱིི་ལྗོངས་ལ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་བྱུང་བའི་ནང་ནས། རྒྱ་གར་གྱི་གྲུབ་ཐོབ་ཆེན་པོ་ཏཻ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙཱ་ན་སིདྡྷི། མངའ་བདག་མར་པ་ལོ་ཙཱ། རྗེ་བཙུན་མི་ལ་རས་པ། མཉམ་མེད་དྭགས་པོ་ལྷ་རྗེ་ཁོང་རྣམ་པ་ནས་མར་བརྒྱུད་ཡོང་བའི་ཆོས་དེ་ལ་བཀའ་བརྒྱུད་ཞུ་བ་རེད། བཀའ་བཞི་བརྒྱུད་པའི་བརྒྱུད་པ་དེ་ལ་ཐབས་ལམ་དང་གྲོལ་ལམ་ཞེས་རྒྱ་ཆེན་པོ་ཡོད་རེད་ཅེས་དང་།
ང་འདིར་ཡོང་དུས་མཛད་པ་རྒྱ་ཆེན་པོ་ཡོང་གི་མ་རེད་དེ་བཟང་སྤྱོད་སྨོན་ལམ་འབུམ་བཅུ་ཐམ་པ་གསོག་རོགས་ཞུས་པ་ཡིན། ༧ རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གཞུག་མ་ཕེབས་ཡོང་དུས་སླར་ཡང་སངས་རྒྱས་བཅོམ་ལྡན་འདས་འཛམ་བུ་གླིང་དུ་ཕེབས་པ་ལྟ་བུའི་མཛད་པ་རྒྱ་ཆེན་པོ། གཟི་བརྗིད་ཆེན་པོ་གནང་གིན་རེད། དེ་དག་གི་ཆེད་དུ་བཟང་སྤྱོད་སྨོན་ལམ་འབུམ་བཅུ་ཐམ་པ་གསོག་རོགས་གྱིས། དེ་ནས་ཕྱི་སོ་ཐར། ནང་བྱང་སེམས་། གསང་བ་སྔགས་ཀྱི་དམ་ཚིག་ཉམས་ཆག་ལ་སོགས་པ་གསོ་བའི་ཆེད་དང་། ཀཾ་ཚང་བརྒྱུད་ཀྱི་ནང་ལ་ཞི་བར་གཤེགས་པ་སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་དགོངས་རྫོགས་དང་། ༧ སྐྱབས་རྗེ་རྒྱབ་ཚབ་རིན་པོ་ཆེ་སྐུའི་སྙུང་གཞི་ལས་གྲོལ་བ་ལ་སོགས་པའི་ཆེད་དུ་གསོལ་བ་སྨོན་ལམ་འདེབས། བཟང་པོ་སྤྱོད་པའི་སྨོན་ལམ་འདོན་རྒྱུ་དང་། དེ་བཞིན་དམ་ཚིག་རྡོ་རྗེའི་བཟླས་པ་འབུམ་གཅིག་དང་། བཀའ་འགྱུར་དག་ཚར་འདོན་དགོས་པ་རེད་ཅེས་ཞུས་པ་ཡིན། དེ་རྗེས་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གིས་བཀའ་གནང་སྟེ་བྱམས་པའི་སྨོན་ལམ་གྱི་གསུང་ཆོས་དང་། རྒྱལ་བ་བྱམས་པའི་རྗེས་གནང་། དབུ་ཞྭ་མཐོང་གྲོལ་མཇལ་ཁ་སོགས་དགོས་ཀྱི་འདུག་ཅེས་བཀའ་ཕེབས་པ་བཞིན་དེ་དག་ཚང་མ་ཞུ་ཡི་ཡིན་བསམ་ནས་ང་འདིར་བཅར་བ་ཡིན། ཞེས་སོགས་ནས་བྱམས་པའི་སྨོན་ལམ་བཀའ་ཆོས་གནང་དགོས་པའི་རྒྱུ་མཚན་དང་། བྱམས་པའི་སྨོན་ལམ་གྱི་གླེང་གཞིའི་སྐོར་གསུངས་ཟིན་རྗེས་སྔ་དྲོའི་ཆོས་ཐུན་དང་པོའི་མཇུག་ལེགས་པར་གྲོལ།

བཀའ་ཁྲིད་དང་གནས་ཚུལ་གནད་བསྡུས་སུ་སྤྱི་ལོ་༢༠༢༤ ༡ ༡༤ ཉིན་ཐུབ་བསྟན་སྦྱིན་པས་བྲིས།

a 2024.01.14-am Pre Monalm Teachind Day 1 Session am