KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པའི་སྔོན་འགྲོ་གསུང་ཆོས་ཉིན་གཉིས་པའི་སྔ་དྲོའི་ཚོགས་ཐེངས་དང་པོ།།

བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པའི་སྔོན་འགྲོ་གསུང་ཆོས་ཉིན་གཉིས་པའི་སྔ་དྲོའི་ཚོགས་ཐེངས་དང་པོ།།

སྤྱི་ལོ༢༠༢༤/༡/༡༥ ཞོགས་པ་ཕྱག་ཚོད་བརྒྱད་པ་ཐོག་བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་༧སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གཙོས་པའི་བཀའ་བརྒྱུད་སྤྱི་འཐུས་ཀརྨ་བསོད་སྟོབས་ལགས་དང་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྤྱི་ཁྱབ་ཆོས་ཁྲིམས་པ་སོགས་མཁན་མང་བླ་སྤྲུལ་སྐུ་འཁོར་དང་བཅས་པས་སྨོན་ལམ་གར་སྟེགས་སུ་དྲི་བསང་ནམ་མཁར་འཁྱིལ་བའི་སྤོས་སྣེས་གདན་འདྲེན་ཟབ་རྒྱས་ཞུས་ཏེ། མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲི་སེར་པོའི་རྡོ་རྗེ་གདན་སྟེང་དུ་ལེགས་པར་རྣམ་པར་འཁོད་དེ། གྲུབ་ཆེན་བན་སྒར་འཇམ་དཔལ་བཟང་པོས་མཛད་པའི་དཔལ་རྒྱལ་བ་བཀའ་བརྒྱུད་པའི་ཕྱག་ཆེན་དོན་གྱི་རིམ་པའི་བརྒྱུད་པ་གཙོ་བོ་བསྟན་པའི་རྡོ་རྗེ་འཆང་ཐུང་མའི་གསོལ་འདེབས་དེ་ཉིད་ཚངས་པའི་སྙན་དབྱངས་དང་སྡང་བའི་སྙན་མོ་དབྱངས་ཀྱི་རྟ་ལ་སྐྱོན་ནས་འཕགས་ཚོགས་འདུས་པ་རྒྱ་མཚོས། དད་གུས་དྭངས་བ་སྐྱེ་བའི་གདངས་དབྱངས་གཅིག་ཏུ་རོལ་ནས། མཎྜལ་སོ་བདུན་མ་གསུང་བའི་སྒོ་ནས་མཎྜལ་སྐུ་གསུང་ཐུགས་རྟེན་ཕུལ་ཏེ་གསུང་ཆོས་དབུ་ཚུགས་སོང་། དེ་ཡང་། མཎྜལ་གྱི་སྒྲ་བཤད་ལ། མཎྜ་ནི་སྙིང་པོའམ་བཅུད་ཀྱི་དོན་ཅན་དང་། ལ་ནི་ལེན་པའམ་འཛིན་པའི་དོན་དུ་འཇུག་པ་ཡིན་ལ། དེས་ན་མཛད་པ་ཀུན་ལས་མཆོག་ནི་གསུང་གི་མཛད་པ་གསུངས་པ་བཞིན་དུ། ༧བྱམས་མགོན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་ཆོས་དབྱིངས་ཆེན་པོའི་ཀློང་ནས་ཟབ་ཞི་ཆོས་ཀྱི་བདུད་རྩིའམ་སྙིང་པོའི་དོན་རྣམས་འཆད་པའི་ཞལ་བཞེས་ཀྱི་བསྐལ་བ་བཟང་པོ་ཐོབ་པ་དེ། སྣོད་ལྡན་གདུལ་བྱ་རྣམས་ཀྱིས་ཀྱང་སྙིང་པོའི་དོན་རྣམས་ཇི་ལྟ་གསུངས་པ་ལྟར་གོལ་མེད་དུ་ཉམས་སུ་ལེན་ནས་བློ་ཆོས་སུ་འགྲོ་ཆོས་ལམ་དུ་འགྲོ། ལམ་འཁྲུལ་བ་སེལ། འཁྲུལ་བ་ཡེ་ཤེས་སུ་འཆར་ཐུབ་པའི་རྒྱུ་མཚན་རྟེན་འབྲེལ་གྱི་ཚུལ་དུ་ཡིན་པ་ལས། ཀུན་གཟིགས་བྱམས་མགོན་རྡོ་རྗེ་འཆང་ལྟ་བུ་གསེར་དང་བོང་བ་མཉམ་པའི་འཕགས་མཆོག་ལ་ནི་དགོས་པ་ཅི་མཆིས།
༢༽ འཆད་བྱའི་ཆོས་ནི།
ཇི་སྐད་དུ། ཀུན་དགའ་བོ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། ཐལ་མོ་སྦྱར་ནས་ཚིག་འདི་སྐད་ཅེས་སྨོན་ལམ་བཏབ་བོ། ཞེས་གསུང་པ་བཞིན་དུ། བྱང་ཆུབ་སེམས་པ་སེམས་དཔའ་ཆེན་པོ་བྱམས་པས་ཞུས་པའི་༼འཕགས་པ་བྱམས་པའི་སྨོན་ལམ་༽ཡིན།
༣༽ དེ་ནས་བྱམས་པའི་སྨོན་ལམ་གྱི་གསུང་ཆོས་དངོས་གཞི། ས་བཅད་གཉིས་པ་དངོས་གཞི་འཆད་པ་ལ།
༡༽ བཤགས་པའི་སྒོ་ནས་འགལ་རྐྱེན་བསལ་བ་དང་།
༢༽ སེམས་བསྐྱེད་པ།
༣༽སྨོན་ལམ་ཡོངས་སུ་འགྲུབ་པ་སོགས་གསུམ་གྱི་སྒོ་ནས་གསུངས་སོང་། དང་པོ་བཤགས་པའི་སྒོ་ནས་འགལ་རྐྱེན་བསལ་བ་ནི།
རྩ་བ་ལས།
སེམས་ཀྱི་དབང་དུ་གྱུར་པས་ན། །
བདག་གིས་སྡིག་པ་ཅི་བགྱིས་པ། །
སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །
བདག་གིས་དེ་དག་བཤགས་པར་བགྱི། །
གཉིས་པ། སེམས་བསྐྱེད་པ་དངོས་ནི།
རྩ་བ་ལས།
བདག་ལས་རྣམ་པ་གསུམ་གང་གིས། །
བསོད་ནམས་ཚོགས་ནི་བསྐྱེད་པ་དེ། །
བདག་གི་ཀུན་མཁྱེན་ས་བོན་ཏེ། །
བདག་ལ་བྱང་ཆུབ་མི་ཟད་ཤོག །
ཐབས་མཁས་པས་ཡན་ལག་བདུན་སོགས་བསྟན་པ་རིམ་བཞིན་དུ། རྩ་བ་ལས།
ཕྱོགས་བཅུ་དག་གི་ཞིང་རྣམས་སུ། །
སངས་རྒྱས་མཆོད་པ་གང་བྱུང་བ། །
སངས་རྒྱས་མཁྱེན་པ་ཡི་རང་བ། །
དེ་ལ་བདག་ནི་ཡི་རང་ངོ༌། །
སྡིག་པ་ཐམས་ཅད་བཤགས་པར་བགྱི། །
བསོད་ནམས་ཀུན་ལ་ཡི་རང་ངོ༌། །
སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །
བདག་ནི་ཡེ་ཤེས་མཆོག་ཐོབ་ཤོག ། ཅེས་པའི་བར་དུ། གཙོ་བོ་སྔ་བྱས་སྡིག་པ་རྣམས་བཤགས་དགོས་པ་གལ་གནད་ཆེན་པོ་གསུངས་ཡོད་པ་དང་འདིའི་སྐབས་སུ་བཤགས་བྱ་སྡིག་པའི་ལས་ཐམས་ཅད་ཀྱི་རྩ་བ་དེ་བདག་ཏུ་འཛིན་པའི་བློ་ལ་བརྟེན་ནས་འབྱུང་བཞིན་ཡོད་པས། དེ་རིམ་བཞིན་དུ་སྤོང་དགོས་པ་དང་། ང་རང་ཚོས་གཞན་གྱི་སྡིག་པ་བཤགས་ཐབས་ལ་བྱང་ཆུབ་སེམས་སོགས་ངོ་སྤྲོད་ནས་སྡིག་པ་བཤགས་བཅུག་པ་དང་སོ་སོའི་སྡིག་པ་དེ་ཡང་སོ་སོ་རང་ཉིད་ཀྱིས་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་དགོས་པ་དང་བཤགས་ཐུབ་པ་སོགས་དང་། རྗེས་སུ་ཡི་རང་སྐབས་སུ་ཡང་རང་གིས་བྱས་པའི་ལེགས་ཕྱོགས་ལ་དགའ་བ་བསྒོམས་ནས་ཡི་རང་དགོས་ཀྱང་། གཞན་གྱི་བྱས་པའི་ལེགས་པའི་ཕྱོགས་ལ་རྗེས་སུ་ཡི་རང་བྱེད་དགོས་པ་གལ་ཆེན་ཡིན་པས། འདིར་གཞན་གྱིས་ལེགས་པར་བྱས་པ་ལ་རྗེས་སུ་ཡི་རང་དེ་ཡིན་པ་སོགས་ཟབ་ཆོས་ཀྱི་གདམས་པ་མཐའ་ཡས་པ་གསུངས་ནས་ཆོས་ཐུན་དང་པོ་ཕྱག་ཚོད་བརྒྱད་ཡོལ་ཙམ་ནས་ཕྱག་ཚོད་དགུ་དང་སྐར་མ་ཞེ་ལྔ་བར་དུ་གནང་སོང་།
༤༽ གསུང་ཡུལ་གྱི་སྐལ་ལྡན་གདུལ་བྱ་ནི། ༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་མཆོག་དང་། ༧སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་མཆོག སྐྱབས་རྗེ་ཚོགས་གཉིས་རིན་པོ་ཆེ་གཙོས་པའི་བསམ་བཞིན་སྐྱེ་བ་བཞེས་པའི་མཆོག་གི་སྤྲུལ་པའི་སྐུ་རྣམས་པ་དང་། རབ་འབྱམས་གཞུང་ལུགས་སྨྲ་བའི་མཁན་པོ་དགེ་བའི་བཤེས་གཉེན་རྣམས། རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་ངུར་སྨྲིག་རྒྱལ་མཚན་འཆང་བའི་དགེ་འདུན་བཙུན་པ་བཙུན་མ་སྟོང་ཚོ་ལྔ་ལྷག་དང་། དེ་བཞིན་དུ་འབྲས་ལྗོངས་མངའ་སྡེའི་ཆོས་དོན་བློན་ཆེན་གཙོས་པའི་འཛམ་གླིང་ཡུལ་གྲུ་ཀུན་ནས་ཕེབས་པའི་ཆོས་ཞུ་བ་དད་ལྡན་སློབ་མ་སྟོང་ཚོ་དུ་མ་ལྷན་གཅིག་ཏུ་འདུས་པའོ། །
༥༽ མཇུག་བསྡུ་ནི། དེ་ལྟ་བུའི་རྣམ་དཀར་གྱི་དགེ་ཚོགས་དེ་དག་སྨོན་ལམ་བསོད་ནམས་འདི་ཡི་སོགས་ཀྱིས་མཐར་བརྒྱན་ནས་ཆོས་ཐུན་དང་པོ་ལེགས་པར་གྲུབ་སོང་།
སྤྱི་ལོ༢༠༢༤/༡/༡༦ ཉིན་གྱི་བཀའ་བརྒྱུད་སྨོན་ལམ་སྔོན་འགྲོ་གསུང་ཆོས་ཀྱི་ཆོས་ཐུན་དང་པོ་རགས་བསྡུས་ཙམ་ཉི་མ་དོན་འགྲུབ་ནས་ཕུལ།

2024.01.15 Pre-Monlam Teaching Day 2