KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བདུན་པའི་སྔ་དྲོའི་གསོ་སྦྱོང་དང་། བྱོན་ལེགས་ཀྱི་རྒྱལ་སྒོ།

 


ཀ) ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༢ ཉིན་སྔ་དྲོ་འཁོར་ལོའི་དུས་ཚོད་དྲུག་པའི་ཐོག་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་ ༸སྐྱབས་མགོན་རྒྱལ་ཚབ་རིན་པོ་ཆེ་མཆོག་བཞུགས་གནས་གཏེར་སྒར་དགོན་ནས་དུང་རྒྱ་སྤོས་སྣེས་སྤྱན་འདྲེན་གྱིས་ སྨོན་ལམ་ཆོས་རར་ཞབས་པད་གསེར་གྱི་རེ་ཁཱ་མངོན་པར་བཀོད་དེ་བཞུགས་ཁྲིར་འཁོད་རྟིང་། ༧སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེས་དབུས་བླ་སྤྲུལ་མཁན་སློབ་དགེ་འདུན་འདུས་པ་རྒྱ་མཚོ་དང་། ཚོགས་ཞུགས་ཕྱི་ནང་ཡུལ་གྲུ་དུ་མ་ནས་ཕེབས་པའི་དད་ལྡན་ཁྱིམ་པ་ཕོ་མོ་ཀུན་ལ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་འབོགས་པར་མཛད། དེ་ཡང་གསོ་སྦྱོང་ཞེས་པ་ནི་དགེ་བ་གསོ་ཞིང་སྡིག་པ་སྦྱོང་བའི་དོན་སྟེ། ཇི་སྐད་དུ། སྡིག་པ་གསོ་ཞིང་དགེ་བ་སྦྱོང་བ་སྟེ། དེ་ཕྱིར་གསོ་སྦྱོང་ཞེས་ནི་མཚན་གསོལ་ཏོ། ཞེས་གསུངས་པ་ལྟར་ཡིན་ཅིང་། གསོ་སྦྱོང་གི་སྡོམ་པ་མནོས་རྟིང་སྐྱ་སེར་ཕོ་མོ་ཀུན་ནས་བསྙེན་གནས་ཀྱི་སྤང་བྱ་བརྒྱད་དེ། དེ་ཡང་ཐེག་པ་གོང་འོག་གི་ བཞེད་ཚུལ་དུ་མ་ཞིག་མཆིས་པ་ལས། ཆོས་མངོན་པ་ལྟར་ན། རྩ་བ་བཞིའི་སྟེང་ཆང་ལྔ་པོ་དང་། གར་སོགས་ཕྲེང་སོགས་གཅིག་ཏུ་བྱས་པ་དང་། མལ་ཆེ་མཐོ་གཅིག་ཏུ་བྱས་པ་དང་། ཕྱི་དྲོའི་ཁ་ཟས་ཏེ་ཉིན་ཞག་གཅིག་ཏུ་སྤོང་དགོས་པ་ཙམ་མ་ཟད། སྤང་བླང་གི་གནས་ལ་སྡོམ་པ་ནོད་རིམ་བཞིན་དྲན་ཤེས་བག་ཡོད་ཚུལ་བཞིན་བསྟེན་དགོས་པ་ཤིན་ཏུ་གཅེས་ཏེ། དེ་ཡང་ཇི་སྐད་དུ། དེང་ནས་སྲོག་གཅོད་མི་བྱ་ཞིང་། གཞན་གྱི་ནོར་ཡང་བླང་མི་བྱ། འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། རྫུན་གྱི་ཚིག་ཀྱང་མི་སྨྲའོ། སྐྱོན་ནི་མང་པོ་ཉེར་བརྟེན་པའི། ཆང་ནི་ཡོངས་སུ་སྤང་བར་བྱ། ཁྲི་སྟན་ཆེ་མཐོ་མི་བྱ་ཞིང་། དེ་བཞིན་དུས་མ་ཡིན་པའི་ཟས། དྲི་དང་ཕྲེང་བ་རྒྱན་དང་ནི། གར་དང་གླུ་སོགས་སྤང་བར་བྱ། ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། སྲོག་གཅོད་ལ་སོགས་མི་བྱེད་ལྟར། དེ་བཞིན་སྲོག་གཅོད་ལ་སོགས་སྤང། ཞེས་གསུངས་པ་ལྟར་ཚུལ་བཞིན་ཉམས་སུ་ལེན་པའི་ཐབས་ལམ་ལ་བག་ཡེངས་སུ་མ་སོང་བར་ཤེས་བཞིན་བསྟེན་གལ་ཆེའོ།།

 

 

ཁ) བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བདུན་པའི་བྱོན་ལེགས་ཀྱི་རྒྱལ་སྒོའི་སྐོར།
འདི་ལོ་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བདུན་པའི་བྱོན་ལེགས་ཀྱི་རྒྱལ་སྒོ་ནི་སྔར་རྒྱུན་ལྟར་སྤྲོས་པ་མི་ཆེ་ཞིང་ཀུན་གྱི་ཡིད་དུ་འཇེབས་པའི་ཁུ་བསྡུས་ཤིག་གསར་བསྐྲུན་ཞུས་འདུག་སྟེ། དེ་ཡང་བྱོན་པ་ལེགས་ཞེས་པའི་ཡིག་འབྲུའི་ཀླད་དུ་རི་དྭགས་ཆོས་འཁོར་གྱི་ལས་རྟགས་འདིས་སྤངས་རྟོགས་མཐར་ཕྱིན་པའི་བདག་ཉིད་མཉམ་མེད་ཤཱཀྱ་སེངྒེས་སྐལ་ལྡན་གྱི་གདུལ་བྱ་དག་ལ་ཆོས་འཁོར་བསྐོར་བའི་སྐབས་འདབས་སུ་རི་དྭགས་རུ་རུ་ཁྱོ་ཤུག་གཉིས་ཀྱང་དམ་པའི་ཆོས་ཀྱི་སྒྲ་ལ་རབ་ཏུ་སྙན་པའི་ཚོར་བས་སྤྱོད་ལམ་རབ་ཏུ་བརླིང་བའི་ཚུལ་གྱིས་རབ་ཏུ་གུས་ཤིང་ཉན་པའི་རང་བཞིན་མཚོན་པ་ལྟར་ཆོས་བྱེད་ཀྱི་བསྟི་གནས་གཙུག་ལག་ཁང་སོགས་རྟེན་དང་བརྟེན་པ་ཡོངས་ཀྱི་ཀླད་དུ་འཛུགས་སྲོལ་མཆིས། དེ་བཞིན་རྒྱལ་སྒོའི་ཀླད་དུ་ཤོག་པར་ཁ་དོག་ལྔ་ལྡན་གྱི་དར་ལྕེའི་གཟུགས་སུ་བཅངས་པའི་དབུས་སུ་སྒྲིབ་སྦྱོང་གི་གཟུངས་སྔགས་ཨོཾཔདྨོཥྞཱིཤབིམལེཧཱུྃཕཊ །ཞེས་པའི་གཟུངས་སྔགས་འདི་ཉིད་ཀྱི་འོག་ཏུ་ལན་གཅིག་འཛུལ་བས་བསྐལ་པ་སྟོང་དུ་བསགས་པའི་སྡིག་སྒྲིབ་མ་ལུས་དག་པར་ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས་གསུངས་པའི་དགོས་པ་ཁྱད་པར་ཅན་ལ་དགོངས་ཏེ་རྒྱལ་སྒོ་འདིའི་འོག་ཏུ་ཞུགས་ཏེ་བཀའ་བརྒྱུད་སྨོན་ལམ་ལ་ཕེབས་མི་མ་ལུས་ཚེ་རབས་ཐོག་མེད་ནས་ཉོན་མོངས་པ་དུག་གསུམ་གྱི་སྒོ་ནས་བསགས་པའི་ལས་ངན་གྱི་སྡིག་སྒྲིབ་ཅི་མཆིས་པ་རྨེག་མེད་དུ་འཇོམས་པའི་སྒྲིབ་སྦྱོང་གི་གཉེན་པོ་མཆོག་ཏུ་གྱུར་ཕྱིར་ཆེད་གཉེར་གྱིས་དཔྱངས་པ་ཞིག་ཡིན་པས་ཀུན་གྱིས་ཐུགས་སུ་ཆུབ་པར་བྱ་རྒྱུ་ཤིན་ཏུ་འགངས་ཆེ། དེ་བཞིན་ཀ་ཟུར་གཡས་གཡོན་གྱི་རྒྱབ་མདུན་གཉིས་སུ་རྒྱལ་ཆེན་བཞིའི་སྣང་བརྙན་ཏེ། ཤར་དུ་ཡུལ་འཁོར་སྲུང་། ལྷོར་འཕགས་སྐྱེས་པོ། ནུབ་ཏུ་སྤྱན་མི་བཟང་། བྱང་དུ་རྣམ་ཐོས་སྲས་རྣམས་ནི་ཕྱོགས་སྐྱོང་ཆེན་པོ་བཞི་སྟེ་མི་བསྲུན་ཡིད་སྲུབས་རྒྱུད་ཀྱིས་བརླམས་ཤིང་བསྟན་ལ་འཚེ་བའི་དཀར་མིན་མི་དང་མི་མིན་གྱི་འགོང་པོ་གང་ཞིག་རྒྱལ་སྒོའི་ནང་དུ་མི་གཏོང་བའི་བརྡའི་རྟེན་མཚོན་གྱི་སླད་དུ་འགོད་པར་སེམས། བསྟན་འཛིན་རྣམ་རྒྱལ་ནས།