KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
 ཨ་དཀོན་རིན་པོ་ཆེ་རྗེས་དྲན་ཟས་སྦྱིན།

ཨ་དཀོན་རིན་པོ་ཆེ་རྗེས་དྲན་ཟས་སྦྱིན།

༧སྐྱབས་རྗེ་ཨ་དཀོན་རིན་པོ་མཆོག་གི་རྗེས་དྲན་ཟས་སྦྱིན་ཚོགས་པས། ཉམས་ཐག་དབུལ་ཕོངས་རྣམས་ལ་ཟས་སྦྱིན་ཐེངས་བཅུ་པ།

དུས་ཚོད། ༢༠༢༤/༡/༢༢ ཉིན་ལྔ་པ།
༧སྐྱབས་རྗེ་ཨ་དཀོན་རིན་པོ་ཆེ་ནི་ཕྱི་ལོ་༡༩༣༩ལོར་བོད་ཤར་ཕྱོགས་ཁམས་རི་བོ་ཆེར་སྐུ་འཁྲུངས་པ་དང་། དུས་འགྱུར་སྐབས་རྒྱ་གར་ལ་ཕེབས་ཤིང་། རྒྱལ་དབང་བཅུ་དྲུག་རང་བྱུང་རིག་པའི་རྡོ་རྗེའི་ཐུགས་བརྩེའི་བཀའ་དགོངས་ལྟར་སྤྱི་ལོ་ ༡༩༦༠ རེ་གྲངས་ནང་ཆོས་རྒྱམ་དྲུང་པ་རིན་པོ་ཆེ་དང་ལྷན་དུ་དབྱིན་ཡུལ་ལ་ཕེབས་ཏེ། དེ་ལ་༡༩༦༧ལོར་བསམ་ཡས་གླིང་བོད་པའི་ཆོས་ཚོགས་ཞེས་པ་གསར་འཛུགས་གནང་བ་དང་ཕྱིས་དྲུང་པ་རིན་པོ་ཆེ་ཨ་རི་ལ་ཕེབས་རྗེས་སུ་ཨ་དཀོན་རིན་པོ་ཆེ་མུ་མཐུད་Scotlandདུ་བཞུགས་ནས་དེར་ཡོད་པའི་ཆོས་ཚོགས་ཀྱི་འཛིན་སྐྱོང་སོགས་ཀྱི་ཐུགས་འགན་བཞེས་པ་དང་། ཧ་ལམ་ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་དུ་བོད་བརྒྱུད་ནང་ཆོས་སློབ་ཁྲིད་གནང་མཁན་བོད་པའི་བླ་མ་ཐོག་མའི་གྲས་ཤིག་ཀྱང་ཡིན་པ་རེད་འདུག དམ་པ་ཁོང་གིས་རྒྱལ་སྤྱིའི་རོགས་པ་ཚོགས་པ་གསར་འཛུགས་གནང་ཏེ། ཚོགས་པ་དེའི་འོག་ནས་བོད་ནང་དང་། བལ་ཡུལ་ཕྱོགས་སུ་དྭ་ཕྲུག་སློབ་གྲྭ་མང་པོ་གསར་འཛུགས་གནང་ནས་བོད་ཕྱི་ནང་གཉིས་ཀྱི་ཉམས་ཐག་པའི་དྭ་ཕྲུག་རྣམས་ལ་བཀའ་དྲིན་གཞལ་མེད་བསྐྱངས་མཁན་ཞིག་དང་། རྒྱལ་བ་བཀའ་བརྒྱུད་པའི་བསྟན་པ་ལ་ཡང་ལྷག་བསམ་རྣམ་དག་གིས་བཀུར་སྟི་དང་ཞབས་འདེགས་གནང་མཁན་ཞིག་ཡིན་པ་མ་ཟད། ༧རྒྱལ་དབང་བཅུ་བདུན་པ་མཆོག་གི་བཀའ་བཞིན་སྒྲུབ་མཁན་གྱི་བཀའ་བརྒྱུད་པའི་བླ་མ་མཛད་རྗེས་རླབས་ཆེན་ཅན་ཞིག་ཡིན།
ཡིད་སྐྱོ་དགོས་པའི་དོན་རྐྱེན་ཞིག་གི་ཁྲོད་དུ་སྤྱི་ལོ་ ༢༠༡༣ ལོར་སྐུ་འདས་གྲོངས་ཕྱིན། རྒྱུ་མཚན་དེ་ལ་བརྟེན་ནས། དམ་པ་ཁོང་སྐུ་འཚོ་ཞིང་བཞེས་པའི་སྐབས་སུ། བཀའ་བརྒྱུད་བསྟན་པ་སྤྱི་དང་བྱེ་བྲག་ཏུ་དབྱིན་ཡུལ་གཙོས་པའི་ནུབ་ཕྱོགས་ཀྱི་ཆོས་ཚོགས་ཁག་ལ་བསྐྱངས་པའི་བཀའ་དྲིན་རྗེས་སུ་དྲན་པ་དང་མགོན་པོ་གང་གི་འཁྲུལ་མེད་ཡང་སྲིད་རིན་པོ་མྱུར་དུ་འབྱོན་པའི་སླད་དང་། དེ་བཞིན་དུ་༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་མཐའ་ཡས་པའི་བྱམས་བརྩེའི་རང་བཞིན་ལྡན་པའི་ཕྱི་ནང་གསང་གསུམ་གྱི་ཕྲིན་ལས་རྒྱས་པ་དང་བཀའ་བརྒྱུད་བསྟན་པའི་བརྒྱུད་འཛིན་རྣམས་ཀྱི་ཕྲིན་ལས་དར་ཞིང་རྒྱས་པའི་ཆེད་དུ་དམིགས་ཏེ་སྤྱི་ལོ་ ༢༠༡༤ ལོར་དབུ་བཙུགས་ཏེ། ལོ་ལྟར་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དང་སྟབས་བསྟུན་ནས་བཀའ་བརྒྱུད་སྨོན་ལམ་ཚོགས་པའི་འགན་འཛིན་བླ་མ་ཆོས་གྲགས་དང་། དྲུང་ཆེ་བྱང་ཆུབ་ལགས་ཀྱིས་གོ་སྒྲིག་མཐུན་འགྱུར་དང་ལྷན་དུ་Vin & Marilyn Harris གཉིས་ནས་སྦྱིན་བདག་གནང་སྟེ། འདི་ག་རྡོར་གདན་དུ་གནས་པའི་དབུལ་ཞིང་ཕོངས་བའི་ཉམས་ཐག་གཅིག་སྟོང་ལྔ་བརྒྱ་ལྷག་ལ་ཉིན་བདུན་གྱི་རིང་ལ་ཉིན་དགུང་ཞལ་ལག་འབུལ་བཞིན་ཡོད་འདུག་ཀྱང་། བར་སྐབས་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་ལོ་ཤས་རིང་ཟས་སྦྱིན་གནང་བའི་གོ་སྒྲིག་མ་ཐུབ། སླར་ད་ལན་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པའི་སྐབས་ཟས་སྦྱིན་ཐེངས་བཅུ་པ་དབུ་བཙུགས་ནས།
དེ་རིང་སྟེ་སྤྱི་ལོ་༢༠༢༤/༡/༢༢ ཉིན་གྱི་ཟས་སྦྱིན་ཉིན་ལྔ་པ་ལ། ༧སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་གདན་འདྲེན་ཞུས་པ་ལྟར་ཕེབས་གནང་ནས། རིན་པོ་ཆེ་མཆོག་ནས་དབུལ་པོ་རྣམས་རེ་རེ་བཞིན་ཞལ་ལག་བླུག་གནང་རྗེས་སུ། རིན་པོ་ཆེ་མཆོག་ཀྱང་དེ་ག་རང་ཞལ་ལག་བཞེས་བཞིན་དུ་All India bhikkhu Sanga ཡི་མཁན་པོའམ་འགན་འཛིན་ལྷན་དུ་བཀའ་མོལ་ལྷུག་པོ་གནང་ཏེ་སྐར་བཅུ་མ་ཟིན་ཙམ་བཞུགས་གནང་བ་དང་། མཐར་དགྱེས་འཛུམ་གྱི་འོད་མདངས་རྒྱས་ལ། ཕྱག་ཟུང་ལྷིང་ལྷིང་དུ་གཡོ་བཞིན་དུ་དབུལ་ཕོངས་རྣམས་ལ་བཀྲ་ཤིས་བདེ་ལེགས་གསུང་བ་དང་ཆབས་ཅིག་ཏུ། ༧སྐྱབས་རྗེ་ཨ་དཀོན་རིན་པོ་ཆེའི་ཞལ་སློབ་Pinལ་ཞལ་ལག་རོ་བཅུད་ལྡན་པ་རེད་འདུག་ཐུགས་རྗེ་ཆེ་གསུངས་སོང་།
རྗེས་དྲན་ཟས་སྦྱིན་འདིའི་རྒྱུན་དུ་དང་བླངས་ལས་འགུལ་བ་དབྱིན་ཡུལ་བསམ་ཡས་གླིང་ཆོས་ཚོགས་ཀྱི་ཚོགས་མི་དང་། དེ་བཞིན་ཨ་རི། ཉིན་ཧོང་། ཀོ་ལམ་བྷི་ཡ། ཨར་ཇིན་ཊི་ན། ཨོས་ཀྲེ་ལི་ཡ། ཐེ་ཝེན། ཁེ་ན་ཌ། ཀོ་ར་སོགས་ཕྱི་རྒྱལ་ཡུལ་གྲུ་མང་པོ་ཞིག་ནས་དམ་པ་ཁོང་གི་ཞལ་སློབ་ཡིན་པ་དང་མ་ཡིན་པ་སྲི་ཞུ་བ་མང་པོ་ཡོད་ཅེས་གསུངས་སོང།
ཞེས་སྤྱི་ལོ་༢༠༢༤/༡/༢༢ ཉིན་ལ་བཀའ་བརྒྱུད་སྨོན་ལམ་གནས་ཚུལ་ཕྱོགས་བསྡུས་པ་ཉི་མ་དོན་འགྲུབ་ནས་ཕུལ།
2024.01.22 The Akong Tulku Community Kitchen