མཐོང་གྲོལ་དབུ་ཞྭའི་མཇལ་ཁ་སྩལ་བ།
སྨོན་ལམ་ཐེངས་ ༣༨ པའི་སྔོན་འགྲོའི་གསུང་ཆོས་ཉིན་གསུམ་པ། སྔ་དྲོའི་ཆོས་ཐུན་དང་པོ།
སྤྱི་ལོ་ ༢༠༢༤ ༡ ༡༦ ཉིན་སྔ་དྲོ་ཆུ་ཚོད་བརྒྱད་པའི་ཐོག་སྨོན་ལམ་ཞལ་འདོན་དབུ་འཛུགས་གནང་སྟེ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་གྲངས་གསོག་གནང་། ཆུ་ཚོད་དགུ་པ་ཡོལ་རྒྱབ་ཙམ་ལ་སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གིས་མཐོང་གྲོལ་དབུ་ཞྭའི་སྐོར་བོད་སྐད་ཀྱི་ཐོག་ནས་ངོ་སྤྲོད་གནང་། དེ་རྗེས་ཁྱུང་པོ་རྒྱལ་སྟོན་སྤྲུལ་སྐུས་དབྱིན་སྐད་ཀྱི་ཐོག་ནས་མཐོང་གྲོལ་དབུ་ཞྭའི་ངོ་སྤྲོད་གནང་།
དེ་རྗེས་ཆུ་ཚོད་བཅུ་པའི་ཐོག་སྤོས་རྒྱ་ཕེབས་བསུ་ཟབ་རྒྱས་དང་བཅས་༧ བྱམས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་མི་འཇིགས་གདོང་ལྔའི་ཁྲི་ལ་བཞུགས་སུ་གསོལ་རྗེས། དབུ་ཞྭ་མཐོང་གྲོལ་མཇལ་ཁ་བསྩལ་བར་གསོལ་བ་འདེབས་པའི་སླད་དུ་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས། དེ་ནས་འཁོར་སློབ་༧ སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་མཆོག་དང་། སྐྱབས་རྗེ་ཟུར་མང་གར་དབང་རིན་པོ་ཆེ། སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ། སྐྱབས་རྗེ་འབོ་དཀར་ཡང་སྲིད་རིན་པོ་ཆེ། སྐྱབས་རྗེ་ཚོགས་གཉིས་རིན་པོ་ཆེ། ཁྱུང་པོ་རྒྱ་སྟོན་སྤྲུལ་སྐུ་སོགས་བསམ་བཞིན་དུ་སྲིད་པར་སྐྱེ་བ་བཞེས་པའི་མཆོག་གི་སྤྲུལ་སྐུ་རྣམ་པ། བསླབ་པ་གསུམ་གྱིས་སེམས་བརྒྱན། སྡེ་སྣོད་གསུམ་གྱིས་ངག་བརྒྱན། ཆོས་གོས་གསུམ་གྱིས་ལུས་བརྒྱན་པའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམ་པའི་དབུས་དགེ་འདུན་བཙུན་པ་བཙུན་མ། འབྲས་ལྗོངས་དགོན་གནས་བློན་ཆེན་བསོད་ནམས་བླ་མ་སོགས་འཛམ་གླིང་ཤར་ནུབ་གང་སར་ནས་ཕེབས་པའི་དད་ལྡན་དགེ་བསྙེན་ཕོ་མོ་སོགས་མདོར་ན་ཆོས་ཞུ་བ་ཁྲི་ཚོ་ལྷག་ཙམ་གྱི་དབུས་སུ་དཔལ་སྤུངས་སྤྱི་ཁྱབ་ཆོས་ཁྲིམས་པ་བློ་གྲོས་རབ་གསལ་གྱིས་དབུ་ཞྭ་མཐོང་གྲོལ་སྤྱི་བོར་བཏེག་སྟེ་ཕུལ་བས། རིན་པོ་ཆེ་མཆོག་ནས་སྐུ་བརྗིད་པའི་ཉམས་དང་། ཐུགས་བརྩེ་བ་གཟིགས་པ་ཆེན་པོས་མི་འཇིགས་པའི་སྤོབས་པ་བཞི་དང་ལྡན་པའི་སྒོ་ནས་འཁོར་ཚོགས་འདུས་པ་རྒྱ་མཚོ་ལ་མཐོང་གྲོལ་དབུ་ཞྭའི་མཇལ་ཁ་ལེགས་པར་སྩལ་གནང་མཛད་པའོ། །
དབུ་ཞྭ་མཐོང་གྲོལ་གྱི་བྱུང་རིམ།
སི་ཏུ་ཆོས་འབྱུང་རང་རྣམ་ལས། དེའི་གོང་དུ་སི་ཏུ་མི་འཁྲུག་ཆོས་ཀྱི་གོ་ཆའི་དུས་སུ་ཞྭ་ནག་རིགས་ལྔའི་དབྱིབས་ཅན་ཞིག་ཡོད་པར་འདུག་ཅིང་། ཆོས་ཀྱི་རྒྱལ་མཚན་སྔ་མའི་གཡས་གཡོན་དང་རྒྱབ་ནས་པད་འདབ་གསུམ་ཡོད་པའི་ཞྭ་ནག་ཞིག་བཞེས་པར་སྣང་། ཞེས་སི་ཏུ་སྐུ་ཕྲེང་སྔ་མ་རྣམ་པས་ཞྭ་ནག་བཞེས་མཛད་ཀྱི་ཡོད་ཀྱང་། ད་ལྟའི་དབང་གི་མདོག་ཅན་འདི་ནི་ཐོག་མར་ཀརྨ་པ་དགུ་པ་རྗེ་བཙུན་དབང་ཕྱུག་རྡོ་རྗེས་ཏཱའི་སི་ཏུ་དྲུག་པ་ཆོས་ཀྱི་རྒྱལ་མཚན་དགེ་ལེགས་དཔལ་བཟང་པོ་ལ་གནང་མཛད་པ་ཡིན་ཏེ། སི་ཏུ་པཎ་ཆེན་གྱིས། དེའང་ཁོ་བོའི་ཞྭ་དམར་འདི་ནི་རྗེ་བཙུན་དབང་ཕྱུག་རྡོ་རྗེས་སི་ཏུ་ཆོས་ཀྱི་རྒྱལ་མཚན་ལ་གནང་བ་ཡིན་ཞིང་། ཞེས་དང་། ཀཾ་ཚང་ཡབ་སྲས་དྲུག་གི་རྣམ་ཐར་ལས། ལྔ་པ་ཆོས་ཀྱི་རྒྱལ་མཚན་ནི། རྗེ་དགུ་པའི་སློབ་མར་གྱུར། གཽ་ཤྲཱིའི་ལས་ཀ་དང་ཤེལ་ཐམ། ཞྭ་དམར་སོགས་གནང་། སྟོན་འཁོར་ཐ་མི་དད་པ་ཞལ་གྱིས་བཞེས། ཞེས་གསུངས་པ་བཞིན་སི་ཏུ་ཆོས་ཀྱི་རྒྱལ་མཚན་ནས་བཟུང་དབང་གི་མདོག་ཅན་འདི་གསོལ་བའི་སྲོལ་བྱུང་བ་ཡིན་ནོ། །
དབུ་ཞྭ་ལ་བརྟེན་ནས་འགྲོ་བའི་དོན་མཛད་ཚུལ།
སྤྱིར་དབུ་ཞྭའི་ཚུལ་འདི་ལ་རྒྱལ་པོ་རྣམས་ཀྱི་རྒྱལ་ཐབས་ཀྱི་རྟགས་སུ་རིན་པོ་ཆེའི་པྲོག་ཞུ་བཅིང་པ་དང་། རྒྱུད་སྡེ་རྣམས་སུ་དབང་གི་ཅོད་པན་བཅིང་པ་དང་། ཨོ་རྒྱན་ཆེན་པོས་ཀྱང་པད་ཞྭ་རིགས་གསུམ་དང་རིགས་ལྔ་གྱོན་པ་པོ་དང་། མཐོང་བ་པོ་གཉིས་ཀར་ཕན་ཡོན་ཚད་མེད་པར་བསྔགས་པ་རྒྱ་ཆེར་མཛད་པ་དང་། མཉམ་མེད་དྭགས་པོ་ལྷ་རྗེས་བསྟན་པ་ལ་ཕན་པའི་ཞྭ་གསུམ་དང་ཁྱད་པར་སྒོམ་ཞྭ་ལས་ཡོན་ཏན་འབྱུང་ཚུལ་གསུངས་ཞིང་། ལྷག་པར་ཏུ་འཕགས་པ་འཇིག་རྟེན་དབང་ཕྱུག་ཀརྨ་པ་སྐུ་ཕྲེང་ན་རིམ་གྱིས་བཞེས་མཛད་པའི་ཞྭ་ནག་གསེར་མདངས་ཅན་མཐོང་གྲོལ་དབུ་ཞྭའི་ལོ་རྒྱུས་དང་བསྟན་འགྲོའི་དོན་མཛད་ཚུལ་ནི། སི་ཏུ་པཎ་ཆེན་གྱིས། རྒྱལ་དང་རྒྱལ་སྲས་རྣམས་ཀྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་ཁྱད་པར་ལས་མཐོང་ཐོས་དོན་ལྡན་གྱི་ཕྲིན་ལས་བསླུ་མེད་དུ་འབྱུང་བ་ཞིག་མཁས་པ་རྣམས་ལ་རླུང་ལྟར་གྲགས་འདུག་པ་ཞེས་གསུང་པ་ལྟར་མཐོང་ཐོས་དོན་ལྡན་གྱི་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ཡིན་ནོ། །
རྗེ་དགུ་པས་ཏཱའི་སི་ཏུ་ལ་དབུ་ཞྭ་ཇི་ལྟར་གནང་ཚུལ།
པཎ་ཆེན་རང་རྣམ་ལས་རྒྱལ་དབང་ཀརྨ་པའི་དབུ་ཞྭའི་སྐོར་གསུངས་ཟིན་རྗེས། རྒྱལ་བ་ཉིད་ཀྱིས་བྱིན་གྱིས་བརླབས་ཀྱིས་ཕྲིན་ལས་ཀྱི་བྱེད་པོར་དབང་བསྐུར་བའི་ཕྱིར་དེ་དང་དབྱིབས་འདྲ་བའི་ཅོད་པན་དབང་གི་མདོག་ཅན་འཆིང་བར་མཛད་པ་ཡིན་པས། ཞེས་དང་། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་མཐོང་གྲོལ་ཞྭ་བཤད་ལས། གར་དབང་ལྔ་པའི་ཞལ་ནས། དཔོན་སློབ་ཚད་མའི་རྟེན་འབྲེལ་མཐར་ཕྱིན་པས། །རྟོགས་པ་དོན་གྱི་ཐུགས་རྒྱུད་གཅིག་ཏུ་གྱུར། །དཔོན་སློབ་དབྱེར་བ་མེད་པའི་ཀརྨ་པ། །ཞེས་གསུངས་པ་ལྟར་དག་པའི་ཞིང་དུ་འོད་དཔག་མེད། སྤྱན་རས་གཟིགས། བྱམས་པ་མགོན། གསང་བའི་བདག་པོ་སོགས་སྟོན་འཁོར་དགོངས་པ་དབྱེར་མེད་རྣམས་ཞིང་འདིར་རྒྱལ་བ་གར་གྱི་དབང་པོ། བྱམས་མགོན་ཏཱའི་སི་ཏུ། གསང་བདག་རྒྱལ་ཚབ་གོང་མ་རྣམས་ལ་རྒྱལ་དབང་ཐམས་ཅད་མཁྱེན་པ་ན་རིམ་གྱི་གསང་གསུམ་ཕྲིན་ལས་དང་བཅས་པ་རྗེ་ཉིད་དང་དབྱེར་མེད་པའི་དབང་རྟགས་སུ་མཐོང་གྲོལ་ཞྭ་དམར་སེར་གྱི་མདངས་ཅན་གཙུག་ཏུ་བཅིངས་ནས། རྒྱལ་སྲས་འདི་དག་རྒྱལ་དབང་ཉིད་ཀྱི་ཕྲིན་ལས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོར་ད་ལྟར་འཛམ་གླིང་ན་ཡོངས་སུ་གྲགས་པར་མངའ་གསོལ་བ་སྟེ། དེའང་ཞྭ་དམར་ནག་དབྱིབས་གཅིག་པ་ནི་ཡབ་སྲས་འདི་དག་དགོངས་པ་དང་ཡོན་ཏན་ལ་ཁྱད་པར་མེད་པ་དང་། ཁ་དོག་དང་བཀོད་པའི་ཁྱད་པར་ཅུང་ཟད་མི་འདྲ་བ་ནི་ཐབས་མཁས་ཀྱི་ཕྲིན་ལས་སོ་སོར་སྐྱོང་བའི་དོན་ཡིན་པས་ཞྭ་དམར་ནག་གང་མཇལ་ཡང་གྲོལ་བ་བཞི་ལྡན་གྱི་ཕན་ཡོན་ཁྱད་མེད་ཅིང་། ལྷག་པར་ཀུན་མཁྱེན་ཏཱའི་སི་ཏུ་འདི་ཉིད་དགའ་ལྡན་གྱི་གནས་སུ་རྒྱལ་ཚབ་བྱམས་པ་མགོན་པོའི་སྐུར་བཞེངས་པའི་ཚེ་དབུའི་ཐོར་ཚུགས་རིན་པོ་ཆེའི་མཆོད་སྡོང་གིས་བརྒྱན་པ་དེ་ཉིད་མཐོང་བ་དང་དྲན་པས་སྒྲིབ་གཉིས་སྦྱོང་ཞིང་བྱམས་ཆེན་སྣང་བྱེད་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་མཛད་པ་དང་། པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོར་གུ་རུ་པདྨའི་སྐུར་སྟོན་པའི་ཚེ་རིགས་བདག་འོད་དཔག་མེད་མཚོན་པའི་པད་ཞུ་སྣང་སྲིད་ཟིལ་གནོན་ལ་སོགས་པ་རྟག་ཏུ་བཞེས་ནས། དབང་བཞིའི་ཡེ་ཤེས་རྡོ་རྗེའི་ཡེ་ཤེས་བྱིན་རླབས་རྩོལ་མེད་དུ་འབེབས་པར་མཛད་པ་དང་། གངས་ཅན་ལྗོངས་འདིར་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེའི་མངའ་བདག་མཛད་པའི་ཚེ་གོང་སྨོས་ཅོད་པན་ཅན་དེ་དག་ཞྭ་དམར་སེར་མདངས་ཅན་གྱི་རྣམ་པར་བསྒྱུར་ནས་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་རྒྱ་ཆེན་པོ་མཛད་པ་སྟེ། དེའང་གསེར་གྱི་འཁོར་ལོ་འཁོར་ལོར་རྩིབས་སྟོང་དེ་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་འབྲེལ་ཚེ་གླིང་བཞི་ལ་དབང་བསྒྱུར་བའི་ནུས་པ་བྱུང་བ་བཞིན། མཐོང་གྲོལ་རིན་པོ་ཆེ་འདི་དག་ཀྱང་། ཞེས་གསུངས་པ་ལྟར་རྒྱལ་བ་ཡབ་སྲས་རྣམ་པ་ཕྱི་ཚུལ་གྱི་རྣམ་པ་ཐ་དད་ཙམ་ལས་དོན་དུ་དགོངས་པ་དབྱེར་མེད་པ་བསྟན་པའམ་རྒྱལ་བའི་ཕྲིན་ལས་ཀྱི་བྱེད་པོར་དབང་བསྐུར་བའི་ཕྱིར་དང་། རིགས་ཀྱི་བདག་པོ་མཚོན་བྱེད་དམ། དགའ་ལྡན་གྱི་གནས་སུ་རྒྱལ་བ་བྱམས་པ་ལ་པྲོག་ཞུ་གསོལ་ཏེ་རྒྱལ་ཚབ་ཏུ་དབང་བསྐུར་བ་ལྟར་རམ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་ཀྱིས་གསེར་གྱི་འཁོར་ལོར་རྩིབས་སྟོང་དང་འབྲེལ་བས་གླིང་བཞི་ལ་དབང་བསྒྱུར་བའི་ནུས་པ་འབྱུང་བ་ལ་སོགས་པ་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་རྒྱ་ཆེན་པོ་མཛད་པ་སྟེ། ཐབས་ཆེ་ཚེགས་ཆུང་གིས་བསྟན་འགྲོའི་དོན་རླབས་པོ་ཆེ་འགྲུབ་པ་སོགས་དགོས་ཆེད་ཁྱད་པར་ཅན་དུ་མར་ཡོད་པ་ལ་བརྟེན་ནས་གནང་མཛད་པའོ། །
དབུ་མཐོང་གྲོལ་དབུ་ཞྭའི་མཇལ་བའི་ཕན་ཡོན།
མཐོང་གྲོལ་རིན་པོ་ཆེ་འདི་དབུར་བཞེས་པ་མཇལ་བའི་ཕན་ཡོན་ནི། གྲུབ་ཆེན་ཀརྨ་པཀྵའི་ཞལ་ནས། ཞྭ་དང་མི་རུ་འབྲེལ་བ་ན། །གང་མཐོང་བ་ལ་ངན་སོང་མེད། །ཅེས་གསུངས་པ་ལྟར་མཐོང་གྲོལ་དབུ་ཞྭ་རིན་པོ་ཆེ་མཐོང་ཚད་ལ་ཐར་པའི་ས་བོན་བསྐྲུན། རྣ་བས་ཐོས་ཚད་ལ་དགེ་བའི་བག་ཆགས་བཞག །དད་པས་དྲན་ཚད་ལ་བྱིན་རླབས་རྩོལ་མེད་དུ་བསྐྱེད། ཐ་ན་དད་པས་མེ་ཏོག་གཅིག་ཙམ་ཕུལ་བས་བསོད་ནམས་ཀྱི་ཚོགས་ཆེན་པོ་རྫོགས། དད་མོས་རྩེ་གཅིག་པས་མཇལ་ཞིང་གསོལ་བ་བཏབ་ན་གནས་སྐབས་སུ་བདེ་ལེགས་ཀྱི་འབྲས་བུ་རྩོལ་བ་དང་། མཐར་ཐུག་མཆོག་གི་དངོས་གྲུབ་ཐོབ་པ་ཡིད་བཞིན་ནོར་བུ་ལ་གསོལ་བ་ཐེབས་པ་བཞིན། རང་རང་སོ་སོའི་དབང་པོ་དང་སྐལ་བ་འཚམས་པ་ཕྱི་ནང་གསང་གསུམ་དུ་འབད་མེད་ལྷུན་འགྲུབ་ཏུ་འབྱུང་བར་ངེས་པ་ཡིན་པ་དང་། མཐོང་གྲོལ་དབུ་ཞྭ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོར་ཡིད་བཞིན་གྱི་ནོར་བུ་བསྒྲོན་པ་ལྟར་མཐོང་བའི་སྐལ་བ་ཐོབ་པའི་སྐབས་འདིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྤེལ་བའི་སླད་དུ་སོ་སོའི་ནུས་སྟོབས་འབྱོར་པའི་ལྕོགས་ཚོད་ཀྱི་དགེ་རྩའི་ཁས་ལེན་རེ་ཡང་སྙན་ལམ་དུ་ཕུལ་ན་བསོད་ནམས་ཀྱི་ཚོགས་རྒྱ་ཆེ་བ་དགེ་བའི་འགྱུར་རྒྱ་ཆེ་བར་གསུངས་སོ། །
ཞེས་སྤྱི་ལོ་༢༠༢༤ ༡ ༡༦ ཉིན་ཏཱའི་སི་ཏུ་རིན་པོ་ཆེའི་དབུ་ཞྭ་མཐོང་གྲོལ་མཇལ་ཁ་སྩོལ་སྐབས་སི་ཏུ་པཎ་ཆེན་གྱི་གསུང་དང་། འཇམ་མགོན་ཀོང་སྤྲུལ། འཇམ་མགོན་མི་ཕམ་རིན་པོ་ཆེ་རྣམ་པས་གསུང་ལས་བཏུས་ཏེ་ཐུབ་བསྟན་སྦྱིན་པས་བྲིས་པའོ། །