སྐྱབས་མགོན་༸རྒྱལ་བའི་རྒྱལ་ཚབ་མཆོག་སྨོན་ལམ་ཆེན་མོའི་ཆོས་རའི་བཞུགས་ཁྲིར་འཁོད་རྟིང་དབུ་མཛད་ནས་མཎྜལ་གྱི་ཞལ་འདོན་དབུ་འཛུགས། དེ་དང་ལྷན་དད་ལྡན་སྦྱིན་བདག་བརྒྱ་ཕྲག་ལས་བརྒལ་བས་མཎྜལ་སྐུ་གསུང་ཐུགས་རྟེན་འབུལ། དེ་ནས་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་མཆོག་ནས་བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད་ཉིན་སྔ་མའི་འཕྲོས་ནས་མུ་མཐུད་དེ་གསུངས།
དེ་ཡང་གཞུང་གི་རྩ་བའི་ནང་དུ། ཐུན་མཚམས་སྒྱུ་མའི་སྐྱེས་བུ་བྱ། །ཞེས་པའི་སྐབས་སུ་ཉིད་ཀྱི་ཞལ་སྔ་ནས་འདི་ལྟར་གསུངས་ཏེ། “དེ་ཡང་ཉིན་སྔ་མ་འཆད་པ་བཞིན་ཐུན་གྱི་སྐབས་སུ་སྟོང་ཉིད་ཀྱི་དོན་རྣམས་ལེགས་པར་བསྒོམས་ནས། ཐུན་མཚམས་ཀྱི་སྐབས་སུ་རང་ཉིད་ཕྱག་འཚལ་བ་དང་། ཟས་བཟའ་བ་སོགས་བྱ་བ་གང་དང་གང་གི་སྐབས་སུ་ཐམས་ཅད་སྒྱུ་མ་ལྟ་བུར་སྒོམ་དགོས། སྒྱུ་མ་ལྟ་བུ་སྒོམ་པ་དེའི་ངང་ནས་ཀྱང་སྙིང་པོ་ལེན་རྒྱུ་ཞིག་དང་ཕན་ཐོགས་ཆེན་པོ་བྱ་རྒྱུ་ཞིག་ཡོད་པ་ཡིན།
དེ་ཡང་ཉན་ཐོས་ཀྱི་ལུགས་སུ་རང་ཉིད་ཀྱི་ལུས་མི་གཙང་བ་ཤ་དང་ཁྲག་སོགས་མི་གཙང་བར་སྒོམ་ནས་ཞེན་ཆགས་སྤངས་པ་གཙོ་བོ་བྱས་པ་མ་གཏོགས་གཞན་དོན་རྒྱ་ཆེན་པོ་མི་བསྒྲུབ། ཐེག་པ་ཆེན་པོའི་སྐབས་སུ་རང་ཉིད་ཀྱི་ལུས་སྒྱུ་མ་ལྟ་བུ་སྒོམ་ཞིང་དེའི་ངང་ནས་སེམས་ཅན་གཞན་གྱི་དོོན་རྒྱ་ཆེན་པོ་བསྒྲུབ་ཀྱི་ཡོད། གལ་ཏེ་ལུས་ལ་ཞེན་ཅིང་ཆགས་ན་འགྲོ་བའི་དོན་རྒྱ་ཆེན་པོ་སྒྲུབ་མི་ནུས། རང་གི་ལུས་སྒྱུ་མ་ལྟ་བུ་ཤེས་པ་མ་ཟད་སེམས་ཅན་གཞན་གྱི་ལུས་ཀྱང་སྒྱུུ་མ་ལྟ་བུར་ཤེས་དགོས། དེ་ལ་བརྟེན་ནས་གཞན་དོན་རྒྱ་ཆེན་པོ་བྱ་བ་ལ་ནང་བཅུད་ཀྱི་སེམས་ཅན་ཁོ་ན་མིན་པར་ཕྱི་སྣོད་ཀྱི་འཇིག་རྟེན་འཛམ་བུ་གླིང་འདི་དང་། འདིའི་ནང་དུ་ཆགས་པའི་ཡུལ་གྲུ་ཆེན་པོ་ཆེན་པོ་རྣམས་ཀྱང་སྒྱུ་མ་ལྟ་བུར་སྒོམ་དགོས། དེ་ལྟར་སྒོམ་ན་རང་ཉིད་གཞན་དོན་དུ་བྱ་བ་ཅི་བྱེད་ཀྱང་མི་སྐྲག་པ་དང་། དེ་བཞིན་སྐྱིད་སྡུག་གང་བྱུང་ཡང་སྒྱུ་མ་ལྟ་བུ་ཤེས་པས་ཅི་ལའང་མི་སྐྲག་པའི་སྒོ་ནས་གཞན་དོན་རྒྱ་ཆེན་པོ་བསྒྲུབ་པར་ནུས། དེ་ལྟར་སྣོད་བཅུད་ཐམས་ཅད་སྒྱུ་མ་ལྟ་བུ་ཤེས་ན་བསོད་ནམས་ཀྱི ཚོགས་རྒྱ་ཆེན་པོ་བསག་ནུས་ཤིང་། སྒྱུ་མ་ལྟ་བུ་མི་སྒོམ་པར་དངོས་འཛིན་གྱིས་ཞེན་པས་བཅིངས་ན་དངོས་འཛིན་ནི་ཐར་པ་སྒྲུབ་པའི་སྐྱོན་ཡིན་པས་དགེ་བ་སྒྲུབ་ཀྱང་སྐྱོན་དེ་དང་བཅས་པས་དགེ་བ་རྣམ་པར་དག་པ་ཞིག་མི་འོང་།
ལྷག་པར་དུ་བློ་སྦྱོང་གི་ཉམས་ལེན་དང་ལྷན་དུ་གསང་བ་སྔགས་ཀྱི་ཆོས་ཉམས་སུ་ལེན་ན་ལུས་སོགས་སྣང་བའི་ཆོས་རྣམས་སྒྱུ་མ་ལྟ་བུ་དེའང་གཞན་ལས་ཁྱད་པར་དུ་འཕགས་པ། དཔེར་ན་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོ་རང་བཞིན་དུ་སྒོམ་པའི་ངང་ནས་སྦྱིན་པ་དང་ཚུལ་ཁྲིམས་སོགས་ཀྱི་དགེ་བ་སྤྱོད་ན་དགེ་བ་གཞན་ལས་ཀྱང་ཁྱད་པར་དུ་འཕགས་ཤིང་ཚོགས་རྒྱ་ཆེན་པོ་གསོག་ནུས།”ཞེས་གསུངས་སོ།
དེ་ནས་གཞུང་གི་རྩ་བར། སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱང་། །ལེན་པའི་གོ་རིམ་ནང་ནས་བརྩམས། །ཞེས་པའི་སྐབས་སུ་དེང་གི་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་ལོངས་སུ་སྤྱོད་པའི་དངོས་ཆོས་རྣམས་བློ་སྦྱོང་གི་ཉམས་ལེན་དང་སྦྱར་ནས་ཇི་ལྟར་ཉམས་སུ་ལེན་པའི་སྐོར་ཆེས་གནད་ལ་འཁེལ་བའི་བཀའ་ཁྲིད་ཟབ་རྒྱས་མཛད། དེ་ཡང་མཚོན་བྱེད་ཀྱི་གསུང་འགའ་ཞིག་བཀོད་ན་འདི་ལྟར། “ང་ཚོ་གོས་ཤིག་གྱོན་པའི་སྐབས་སུའང་བདག་གིས་གོས་འདི་གྱོན་པ་ལ་བརྟེན་ནས་འགྲོ་བ་ཀུན་བཟོད་པའི་གོས་དང་ལྡན་པར་ཤོག་ཆེས་ངག་ནས་བརྗོད་སེམས་ནང་དུའང་སྒོམ། དེ་བཞིན་ང་ཚོ་དེང་སང་གནམ་གྲུ་དང་རླངས་འཁོར་རྣམས་སུ་ཕར་ཚུར་འགྲུལ་བཞུད་བྱ་བའི་སྐབས་སུའང་བདག་དེ་ལྟར་འགྲུལ་བཞུད་བྱས་པས་གཞན་སེམས་ཅན་ཀུན་མྱུར་དུ་བླ་ན་མེད་པའི་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་དུ་བགྲོད་པར་ཤོག་ཅེས་ངག་ནས་བརྗོད་ཡིད་ནང་སྒོམ། ཐ་ན་ང་ཚོས་བརྙན་འཕྲིན་ཞིག་ལྟ་བའི་ཚེ་ཡང་དེ་ལྟར་ལྟ་བ་ལ་བརྟེན་ནས་མྱུར་དུ་མ་རྒན་སེམས་ཅན་རྣམས་སངས་རྒྱས་ཀྱི་བྲལ་བ་དང་སྨིན་པའི་ཡོན་ཏན་ཐོབ་པར་ཤོག་ཅེས་ངག་ནས་བརྗོད་སེམས་ནང་སྒོམ་དགོས། དེ་ལྟར་སོ་སོས་རིགས་པའི་སྒོ་ནས་དཔེ་བླངས་ཏེ་བྱ་བ་གང་བྱེད་ཀྱང་བློ་སྦྱོང་གི་ཉམས་ལེན་དུ་འཁྱེར་ཤེས་པ་དགོས” ཞེས་དང་།
“ཡང་ཐོག་མར་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རང་གི་ལེན་མི་ནུས་པས་དང་པོ་རང་ཉིད་ཀྱི་སྡུག་བསྔལ་ལེན་པ་ནས་འགོ་བརྩམ་དགོས། དེ་ཡང་རང་གི་སྡུག་བསྔལ་རང་གིས་ཇི་ལྟར་ལེན་ཞེ་ན། དབུགས་གཏོང་ལེན་བྱ་བའི་སྐབས་རང་མ་འོངས་པའི་སྡུག་བསྔལ་མ་ལུས་པ་དུས་ད་ལྟ་ལེན་ནས་རང་ཉིད་མ་འོངས་པར་བདེ་བ་དམ་པ་འཐོབ་པར་ཤོག་སྙམ་ནས་སྒོམ་དགོས། དེ་ལ་མ་སྐྲག་ན་རང་གི་ཕ་མ། རིམ་བཞིན་གཉེན་བཤེས། ངོ་ཤེས་པའི་སེམས་ཅན་མཐར་སེམས་ཅན་ཐམས་ཅད་ལ་སྒོམ་དགོས་” ཞེས་གསུངས་སོ། །
གཞུང་གི་རྩ་བར། སྣོད་བཅུད་སྡིག་པ་གང་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །ཞེས་པ་རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་བའི་སྐབས་སུ་ཀུན་རྫོབ་ལ་བརྟེན་པ་དང་། དོན་དམ་ལ་བརྟེན་པ་དང་། དེ་བཞིན་སྤྱོད་པ་ཁྱད་པར་བརྟེན་པའི་སྒོ་ནས་རྐྱེན་ངན་པ་ཀུན་བྱང་ཆུབ་ལམ་དུ་བསྒྱུར་ཚུལ་ཀྱི་བཀའ་ཁྲིད་གནང་།
དེ་ཡང་དང་པོ་ཀུན་རྫོབ་ལ་བརྟེན་པའི་རྩ་བར། ལེ་ལན་ཐམས་ཅད་གཅིག་ལ་བདའ། །ཞེས་པའི་སྐབས་སུ་མི་འདོད་པའི་སྡུག་བསྔལ་ལ་སོགས་པ་ཅི་བྱུང་ཡང་དེ་དག་ཐམས་ཅད་ལེ་ལན་ནམ་རྩ་བ་ནི། རང་གཅེས་འཛིན་འདི་ཁོ་ན་ཡིན་ཞིང་དགྲ་གཞན་ལས་འབུམ་འགྱུར་གྱིས་སྟོབས་ཆེ་བས་ངེས་པར་དུ་དེ་ཉིད་འདུལ་དགོས་པའི་སྐོར་གསུངས།
དེ་ཡང་༸སྐྱབས་རྗེ་རིན་པོ་ཆེའི་ཞལ་སྔ་ནས། “རང་གཅེས་པར་འཛིན་པའི་མ་རིག་པ་འདིས་ནི་གནོད་པ་སྐྱེལ་བའི་དུས་ཤིན་ཏུ་ཡུན་རིང་པོ་ཡིན། སྐྱེ་བ་འབུམ་ཕྲག་དུ་མ་ལ་རང་དང་གཞན་གཉིས་ཀ་ལ་གནོད་པ་ཚད་མེད་པ་བྱས། འཇིག་རྟེན་འདིའི་དགྲ་ཇི་ཙམ་ཆེ་ནའང་སྐྱེ་བ་འདི་ཙམ་ལ་གནོད་པ་བྱ་བ་ལས་སྐྱེ་བ་གཞན་ལ་གནོད་པ་སྐྱེལ་བར་མི་ནུས། དཔེར་ན་བོད་ཀྱི་ལོ་རྒྱུས་ཁྲོད་དུ་རྒྱལ་འགོང་ཞེས་པ་ཞིག་ཡོད། དེས་ཀྱང་དུས་རིང་ཤོས་སྐྱེ་བ་བདུན་ཙམ་ལ་གནོད་པ་སྐྱེལ། དེ་ལས་མང་བ་སྐྱེལ་མི་ནུས། དེ་ཡང་སྡུག་བསྔལ་སྣ་གཅིག་མ་གཏོགས་བཟོ་མི་ཤེས། དེས་དམྱལ་བའི་སྡུག་བསྔལ་ལ་སོགས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་རྣམས་ནི་ནམ་ཡང་བྱིན་མི་ནུས། འོན་ཏང་བདག་འཛིན་མ་རིག་པའི་འདྲེ་འདིས་ནི་མིའི་སྡུག་བསྔལ་ལ་སོགས་པ་འགྲོ་བའི་གནས་རིས་དྲུག་གི་སྡུག་བསྔལ་མཐའ་དག་བཟོ་བར་བྱས། མ་ཟད་དུས་ཀྱང་བསྐལ་པ་འབུམ་ཕྲག་དུ་མའི་བར་དུ་སྡུག་ལ་སྦྱོར་” ཞེས་གསུངས།
རྩ་བར། ཀུན་ལ་བཀའ་དྲིན་ཆེ་བར་སྒོམ། །ཞེས་པའི་སྐབས་སུ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ལ་སེམས་ཅན་མ་ལུས་ཀུན་ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན་ཞིང་། དཔེར་ན། སྟོན་པ་བཅོམ་ལྡན་འདས་ཀྱི་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་རྣམས་ཀྱི་ཡོན་ཏན་རྣམས་ཀྱང་སེམས་ཅན་བཀའ་དྲིན་བརྟེན་ནས་བྱུང་བ་ཡིན་པར་གསུངས།
གཉིས་པ་དོན་དམ་ལ་བརྟེན་པ་ནི། གཞུང་རྩ་བར། འཁྲུལ་སྣང་སྐུ་བཞིར་སྒོམ་པ་ཡི། །སྟོང་ཉིད་སྲུང་བ་བླ་མེད་། །ཞེས་པའི་སྐབས་སུ་འཁྲུལ་པའི་སྣང་བ་ཐམས་ཅད་སངས་རྒྱས་ཀྱི་སྐུ་བཞི་དང་སྦྱར་ནས་སྒོམ་དགོས་པའི་ཚུལ་གསུངས། དེ་ཡང་༸སྐྱབས་རྗེ་ཪིན་པོ་ཆེ་ཉིད་ཀྱི་ཞལ་ནས། “རྣམ་པར་རྟོག་པའི་ཚོགས་མ་ལུས་པ་བྱུང་ན་དེ་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཆོས་སྐུ། དེའི་རྣམ་པ་གཟུགས་དང་སྒྲ་ལ་སོགས་པ་རྣམས་སྤྲུལ་སྐུ། དེ་གཉིས་ཟུང་དུ་འཇུག་པ་ལོངས་སྐུ། དེ་དག་ཐམས་ཅད་དབྱེར་མེད་པ་ངོ་བོ་ཉིད་སྐུ་ལ་སྒོམ་དགོས་”ཞེས་གསུངས།
གསུམ་པ་སྤྱོད་པ་ཁྱད་པར་ལ་བརྟེན་པའི་སྐབས་སུ། རྩ་བར། སྦྱོར་བ་བཞི་ལྡན་ཐབས་ཀྱི་མཆོག །ཞེས་པའི་སྐབས་སུ་སེམས་ཅན་གྱི་དོན་དུ་སྐྱིད་སྡུག་གི་རེ་དོགས་གང་ཡང་མི་བྱ་བ་དང་། དེ་བཞིན་སྡུག་བསྔལ་ལ་སོགས་པ་ཅི་བྱུང་ཡང་དེ་དག་ཐམས་ཅད་རྒྱུ་སྡིག་པ་ཡིན་པས་དེ་ཉིད་གཉེན་པོ་སྟོབས་བཞིའི་སྒོ་ནས་སྡིག་པ་སྦྱང་དགོས་པའི་སྐོར་བཀའ་ཁྲིད་ཞིབ་རྒྱས་མཛད། དེ་ཡང་སྟོབས་བཞི་ནི་༸སྐྱབས་རྗེ་རིན་པོ་ཆེ་ཉིད་ཀྱི་ཞལ་སྔ་ནས། “སྔར་མི་དགེ་བ་སྡིག་པའི་ལས་བྱས་པ་ལ་འགྱོད་པ་སྐྱེད་པ་སུན་འབྱིན་པའི་སྟོབས། ཕྱིན་ཆད་མི་བྱ་བར་དམ་བཅའ་བ་སྡོམ་པའི་སྟོབས། སྡིག་པ་བྱས་པ་རྣམས་སྐྱབས་དཀོན་མཆོག་རིན་པོ་ཆེ་ལ་བརྟེན་ནས་བཤགས་པ་རྟེན་གྱི་སྟོབས། སྡིག་པའི་དངོས་གཉེན་ཟབ་མོ་སྟོང་པ་ཉིད་སྒོམ་པ་དང་། སྔགས་བཟླ་བ། ཤེེར་ཕྱིན་དང་ཐར་པའི་མདོ་སོགས་བཀླག་པ་གཉེན་པོ་སྟོབས་ཡིན་” ཞེས་གསུངས་སོ། །
ཡང་རྩ་བར། འཕྲལ་ལ་གང་ཐུག་སྒོམ་དུ་སྦྱར། །ཞེས་པའི་སྐབས་སུ་ནི་གལ་ཏེ་རང་ཉིད་ཀྱི་དགེ་བ་ལེགས་པར་སྒྲུབ་ཐུབ་ན་དེ་ལས་ལྷག་པའི་དགེ་བ་གཞན་སེམས་ཅན་རྣམས་ཀྱིས་ཀྱང་སྒྲུབ་པར་ཤོག་ཅེས་དང་། ཡང་ཕྲག་དོག་ལ་སོགས་པ་བྱུང་ན་གཞན་སེམས་ཅན་རྣམས་ལ་དུས་ནམ་ཡང་དེ་ལྟར་མི་བྱུང་བར་ཤོག་ཡིད་གཏིང་ནས་སྨོན་དགོས་ཞེས་གསུངས།
རྩ་བར། མན་ངག་སྙིང་པོ་མདོར་བསྡུས་པ། སྟོབས་ལྔ་དག་ལ་སྦྱར་བར་བྱ། ཞེས་པའི་སྐབས་ཚེ་གཅིག་གི་ཉམས་ལེན་རྣམས་དོན་ཚན་ལྔ་ལ་སྒྲིལ་ནས་བསྟན་པ་ཡིན་ཞེས་གསུངས། དེ་ཡང་སྟོབས་ལྔ་ནི། འཕེན་པའི་སྟོབས་དང་། གོམས་པའི་སྟོབས་དང་། དཀར་པོ་ས་བོན་གྱི་སྟོབས་དང་། བདག་འཛིན་སུན་འབྱིན་པའི་སྟོབས་དང་། སྨོན་ལམ་གྱི་སྟོབས་བཅས་ཡིན། དེ་ལྟར་སྟོབས་ལྔའི་སྐོར་ལ་བཀའ་ཁྲིད་ཆེས་ཟབ་ཅིང་གནད་བསྡུས་པ། གོ་བདེ་བ་གནང་བར་མཛད།
ལྷག་པར་དུ་སྨོན་ལམ་གྱི་སྟོབས་ཀྱི་སྐབས་སུ་གང་གི་ཞལ་ནས་འདི་ལྟར་གསུངས་ཏེ། “རང་ཉིད་ཀྱིས་རྣམ་དཀར་དགེ་བ་ཆེ་ཆུང་ཇི་འདྲ་ཞིག་སྒྲུབ་ཀྱང་དེ་དག་ཐམས་ཅད་འགྲོ་བ་སེམས་ཅན་རྣམས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དོན་དུ་བསྔོ་དགོས། དེ་བཞིན་རང་གཞན་ཀུན་གྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་ནམ་ཡང་མི་འབྲལ་བའི་དོན་དུ་བསྔོ་དགོས། དེའི་དོན་ནི་ཇོ་བོ་རྗེའི་གསུང། བསོད་ནམས་འདི་ཡི་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། སྐྱེ་རྒ་ན་འཆི་རྦ་རླབས་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་གྲོལ་བར་ཤོག །ཅེས་པ་འདི་ཉིད་ཞལ་ནས་འདོན་ཞིང་བསྔོ་དགོས” ཞེས་གསུངས་སོ།
དེ་ནས་དབུ་མཛད་ཀྱིས་ལམ་རིམ་སྨོན་ལམ་གྱི་ཞལ་འདོོན་དབུ་བཙུགས། མཇུག་ཏུ་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་མཆོག་ནས་གསོན་ཤིན་གཉིས་ཀྱི་བསྔོ་བ་མཛད་ནས་མཐར་སྔ་དྲོའི་བཀའ་ཆོས་ལེགས་པར་གྲུབ་བོ།
དེ་ལྟར་བཀའ་ཁྲིད་དང་གནས་ཚུལ་སྙིང་བསྡུས་ཞིག་གངས་ལ་ཉི་ཤར་ནས།