KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
༄༅།  །འཕགས་ཡུལ་རྡོར་གདན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྐབས་སུ་བཀའ་བརྒྱུད་དགུན་ཆོས་ཀྱི་ཆ་ཤས་སུ་གྱུར་པ་རྩོད་གླེང་ཆེན་མོ་ཞེས་ཚོགས་སྲོལ་ཡོད་པ་ལྟར།

༄༅། །འཕགས་ཡུལ་རྡོར་གདན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྐབས་སུ་བཀའ་བརྒྱུད་དགུན་ཆོས་ཀྱི་ཆ་ཤས་སུ་གྱུར་པ་རྩོད་གླེང་ཆེན་མོ་ཞེས་ཚོགས་སྲོལ་ཡོད་པ་ལྟར།

༄༅། །འཕགས་ཡུལ་རྡོར་གདན་རྒྱལ་ཡོངས་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྐབས་སུ་བཀའ་བརྒྱུད་དགུན་ཆོས་ཀྱི་ཆ་ཤས་སུ་གྱུར་པ་རྩོད་གླེང་ཆེན་མོ་ཞེས་ཚོགས་སྲོལ་ཡོད་པ་ལྟར། ད་ལོའི་རྩོད་གླེང་ཆེན་མོ་ཐེངས་དང་པོ་དེ་ཉིན་ཤས་སྔོན་ནས་ཚོགས་ཟིན་པ་དང་ཐེངས་གཉིས་པ་དེ། སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༠༡ ཚེས་ ༢༢ ཉིན། རྩོད་གླེང་ཆེན་མོ་ཐེངས་གཉིས་པ་དེ་ཡང་འཁོར་ལོ་གསུམ་ལས་བྱ་བ་ལས་ཀྱི་འཁོར་ལོ་གལ་ཆེའམ་མི་ཆེ་ཞེས་པའི་བརྗོདགཞིའི་ཐོག་ཏུ་རྩོད་གླེང་ཚོགས་གནང་མཛད་པ་དང་། རྩོད་གླེང་གི་སྐབས་སུ་བཤད་གྲྭ་ཁག་བཅུ་ནས་གྲྭ་བ་རེ་རེ་བྱེད་ནས་སྒྲུབ་ཕྱོགས་ལ་གྲྭ་བ་ལྔ་དང་། དགག་ཕྱོགས་ལ་གྲྭ་བ་ལྔ་རེ་བཅས་ཡོད་ཅིང་།

སྐབས་འདིའི་རྩོད་གླེང་གི་གཙོ་སྐྱོང་བ་ནི། ལཱ་བ་བཀའ་བརྒྱུད་ཐེག་ཆེན་ཆོས་གླིང་གི་དགེ་བའི་གཉེན་ཆེན་མོ་དགེ་བཤེས་འཇམ་དབྱངས་མཆོག་ཡིན་པ་དང་། ཁོང་གིས་བགྲོ་གླེང་དང་རྩོད་གླེང་རྣམ་གཉིས་ཀྱི་མ་འདྲ་བ་ཡོད་དགོས་པ་དང་། རྩོད་གླེང་ནི་སློབ་གཉེར་བ་རྣམས་ཀྱི་འཆད་པའི་རྩལ་དང་སློབ་སྦྱོང་གོང་འཕེལ་དུ་གཏོང་བའི་ཐབས་སུ་༧རྒྱལ་མཆོག་བཅུ་བདུན་པ་ཆེན་པོའི་དགོངས་བཞེད་བླ་ན་མེད་པ་ལས་བྱུང་བའི་འཕྲིན་ལས་ཀྱི་ཆ་ཤས་ཡིན་པས་རྩོད་གླེང་བ་རྣམས་ཀྱིས་གཟབ་གཟབ་བྱེད་ནས་སྒྲ་དག་གསལ་གསུམ་གྱི་སྒོ་ནས་གནང་དགོས་རེད་ཅེས་གསུངས་ནས།

དུས་ཚོད་ཀྱི་སྒྲིག་གཞི་ཡང་༧རྒྱལ་མཆོག་བཅུ་བདུན་ལ་མཆོག་གིས་སྔར་ནས་གཏན་འབེབ་གནང་པ་གཞི་བཟུང་ཐོག སྐོར་ཐེངས་དང་པོར་སྒྲུབ་ཕྱོགས་ནས་མི་གཅིག་དང་དགག་ཕྱོགས་ནས་མི་གཅིག་བཅས་གཉིས་ཀ་ལ་སྐར་མ་བཅུའི་རིང་བརྗོད་གཞི་བཏིང་བ་དང་། དེའི་རྗེས་སུ་སྐོར་ཐེངས་གཉིས་པར་རྩོད་གླེང་བ་རེ་རེ་བཅས་ཡོངས་རྫོགས་ལ་སྐར་མ་གསུམ་རེ་ཡོད་པ་དང་། སྐོར་ཐེངས་གསུམ་པར་རྩོད་གླེང་བ་ཡོངས་ལ་སྐར་མ་གཅིག་རེ་བཅས་ཡོད་པ་དང་། མཐའ་མའི་མཇུག་བསྡོམས་ཀྱི་ཆེད་དུ་སྒྲུབ་ཕྱོགས་ནས་མི་གཅིག་དང་དགག་ཕྱོགས་ནས་མི་གཅིག་བཅས་གཉིས་ཀ་ལ་སྐར་མ་ལྔ་རེ་ཡོད་པ་ཡིན་ཞེས་དུས་ཚོད་རེའུ་མིག་གསུངས་ནས།

དང་པོ་སྒྲུབ་ཕྱོགས་པ་ཞིག་གིས་སྤྱིར་འཁོར་ལོ་གསུམ་སྟེ། ཀློག་པ་ཐོས་བསམ་གྱི་འཁོར་ལོ། སྤོང་བ་བསམ་གཏན་གྱི་འཁོར་ལོ། བྱ་བ་ལས་ཀྱི་འཁོར་ལོ། ཞེས་གསུམ་ཡོད་པ་ལས། སྐབས་འདིར་རྩོད་གླེང་གི་བརྗོད་གཞི་ནི་འཁོར་ལོ་གསུམ་ལས་བྱ་བ་ལས་ཀྱི་འཁོར་ལོ་གལ་ཆེའམ་མི་ཆེ་ཞེས་པའི་སྐོར་ཡིན་པ་དང་། ང་རང་སྒྲུབ་ཕྱོགས་པ་ཡིན་སྟབས་འཁོར་ལོ་གསུམ་ལས་བྱ་བ་ལས་ཀྱི་འཁོར་ལོ་གལ་ཆེན་པོ་ཡིན་ཞེས་བསྒྲུབ་རྒྱུ་ཡིན། དེ་ཡང་ཐོག་མར་བྱ་བ་ལས་ཀྱི་འཁོར་ལོ ཞེས་པ་ནི་བསྟན་པ་ཡུན་རིང་གནས་ཕྱིར་བསྟན་པའི་ཞབས་འདེགས་ཀྱི་ཚུལ་དུ་བྱ་བ་བྱེད་པ། དཔེར་ན་རྟེན་གཞི་གཙུག་ལག་ཁང་བཞེངས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དགེ་འདུན་གྱི་བྲན་གཡོག་གམ་ཞབས་ཕྱིས་ཞུས་པ་སོགས་ཡིན། དེ་ཡང་ལོ་རྒྱུས་ཀྱི་ཐོག་ནས་ཞུ་ན། ༧རྒྱལ་མཆོག་བཅུ་དྲུག་པ་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་གིས་བོད་དུས་ལོག་ནས་རྒྱ་གར་དུ་ཕེབས་ནས་སྤྱི་ལོ་ ༡༩༥༩ ལོར། སྤྱིར་འཛམ་གླིང་ཞི་བདེ་ཡོང་བ་ལ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་རིང་གནས་དགོས་པ་དང་། དེ་གནས་པ་ལ་རྟེན་གཞི་གཙུག་ལག་ཁང་ཞིག་མེད་དུ་མི་རུང་བས་འབྲས་ལྗོངས་ཆོས་རྒྱལ་དང་། རྒྱ་གར་སྲིད་བློན་ནེ་རུ་མཆོག་རྣམས་ལ་དགོས་པ་དགོས་ཆོས་སོགས་གལ་ཆེན་པོ་ཡོད་ཚུལ་གྱི་སྙན་ཞུ་སོགས་ཕུལ་ནས་ས་ཆ་དང་དངུལ་སོགས་ཀྱི་རྒྱབ་སྐྱོར་གང་ལ་གང་འཚམས་ཐོབ་ནས་བསྟན་པའི་རྟེན་གཞི་གཙུག་ལག་ཁང་ཞིག་བཞེངས་པ་ལ་བརྟེན་ནས་ད་ལྟའི་བར་དུ་ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་། སྤོང་བ་བསམ་གཏན་གྱི་འཁོར་ལོ་སོགས་རྒྱུན་མ་ཆད་པར་བྱུང་དང་འབྱུང་བཞིན་ཡོད་པ་དང་། དེ་ལ་བརྟེན་ནས་དེའི་ཡན་ལག་གི་དགོན་སྡེ་སོགས་མང་པོ་བྱུང་དང་འབྱུང་བཞིན་ཡོད་པ་རེད། དེས་ན་བྱ་བ་ལས་ཀྱི་འཁོར་ལོ་ལ་རྒྱུ་བྱས་པ་ལ་བརྟེན་ནས་འབྲས་བུ་ཀློག་པ་ཐོས་བསམ་གྱི་འཁོར་ལོ། སྤོང་བ་བསམ་གཏན་གྱི་འཁོར་ལོ་སོགས་འབྱུང་གི་ཡོད་པ་རེད། དེ་ཡང་ཡོངས་གྲགས་སུ་བླུན་པོས་འབྲས་བུ་ལྟ་བ་དང་། མཁས་པས་རྒྱུ་ལ་ལྟ་བ་ཡི་དཔེ་ལྟར་དུ། ཁྱེད་དགག་ཕྱོགས་པ་རྣམས་ནི་འབྲས་བུ་ལ་ལྟ་བ་དང་། ངེད་ཅག་སྒྲུབ་ཕྱོགས་པ་རྣམས་ནི་རྒྱུ་ལ་ལྟ་བ་པོ་ཡིན། ཡང་དཔེ་གཞན་ཞིག་ཞུ་ན། སྨན་པ་ལྟ་བུ་ལ་ཆ་བཞག་པ་ཡིན་ན་ཡང་སྨན་བཅོས་ཀྱི་སྐོར་ལ་ཐོས་བསམ་ཇི་ཙམ་བྱས་ཀྱང་། སྨན་བཅོས་ཀྱི་སྨན་སྦྱོར་སོགས་ཀྱི་བྱ་བ་རྩ་བ་ཉིད་ནས་མ་བྱས་ན། སྨན་པ་དེས་སྨན་བཅོས་ཀྱི་སློབ་སྦྱོང་སྦྱངས་བཞག་པ་དེ་ཕན་ཐོགས་མ་བྱུང་བ་ལྟ་བུ་རེད་ཅེས་གསུངས་ནས་སྒྲུབ་ཕྱོགས་པའི་ངོས་ནས་འཁོར་ལོ་གསུམ་ལས་བྱ་བ་ལས་ཀྱི་འཁོར་ལོ་དེ་གལ་ཆེན་པོ་ཡིན་ཞེས་བརྗོད་གཞི་དེ་བཏིང་བར་བྱས།

དེའི་རྗེས་སུ་དགག་ཕྱོགས་པའི་ངོས་ནས་འཁོར་ལོ་གསུམ་ལས་བྱ་བ་ལས་ཀྱི་འཁོར་ལོ་དེ་གལ་མི་ཆེ་ཞེས་བརྗོད་གཞི་བཏིང་དོན་ནི།
ངེད་རང་དགག་ཕྱོགས་པ་ཡིན་པའི་ཆ་ནས་མ་ཡིན་པར་་དངོས་ཡོད་གནས་ཚུལ་ལ་ཡང་འཁོར་ལོ་གསུམ་ལས་བྱ་བ་ལས་ཀྱི་འཁོར་ལོ་རྩ་བ་ནས་གལ་ཆེན་པོ་མ་ཡིན་ཞེས་ཞུ་རྒྱུ་ཡིན། དེ་ཡང་རྒྱུ་མཚན་བཞིའི་སྒོ་ནས་ཞུ་ཡིན། རྒྱུ་མཚན་དང་པོ་ནི། སྟོན་པ་བཅོམ་ལྡན་འདས་ཀྱི་རྣམ་ཐར་ལ་མཇལ་ན་ཡང་། ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་གཉིས་གལ་ཆེན་པོ་ཡིན་པར་གསུངས་པ་ལས། བྱ་བ་ལས་ཀྱི་འཁོར་ལོ་གལ་ཆེན་པོ་ཡིན་ཚུལ་གསུངས་མེད་པ་རེད།

རྒྱུ་མཚན་གཉིས་པ་ནི། འཁོར་ལོ་གསུམ་ལས་བྱ་བ་ལས་ཀྱི་འཁོར་ལོ་གལ་ཆེན་པོ་ཡིན་ཞེས་སྒྲུབ་སྡོད་པ་ལས། སྒྲུབ་བྱེད་ཀྱི་ལུང་རིགས་མེད་པ་རེད། སྒྲུབ་བྱེད་ཀྱི་ལུང་རིགས་མེད་པ་ནི་བརྗོད་གཞི་འདིང་བའི་གོ་སྐབས་སྐར་མ་བཅུ་ཡོད་པ་ཡིན་ན་ཡང་། འཁོར་ལོ་གསུམ་ལས་བྱ་བ་ལས་ཀྱི་འཁོར་ལོ་གལ་ཆེན་པོ་ཡིན་ཚུལ་གྱི་ལུང་རིགས་གཅིག་ཀྱང་མ་བཤད་ནས། བྱ་བ་ལས་ཀྱི་འཁོར་ལོ་དང་འབྲེལ་ཡོད་ཙམ་གྱིས་ལོ་རྒྱུས་འདྲ་བཤད་བསྡད་སོང་བ། དེ་ག་རང་གིས་སྒྲུབ་བྱེད་ཀྱི་ལུང་རིགས་མེད་མཚོན་གྱིས་ཡོད་ཅེས་བཤད།

རྒྱུ་མཚན་གསུམ་པ་ནི། གལ་ཏེ་བྱ་བ་ལས་ཀྱི་འཁོར་ལོ་ནི་གཞི་གང་ཞིག་ལ་བརྟེན་ནས་སམ་བལྟས་ནས་གལ་ཆེན་པོ་ཡིན་ཞེས་བཤད་ན། དེ་ཡང་རུང་གི་མེད་པ་རེད། གང་ཞེ་ན་ཁྱེད་རང་གི་མདུན་གྱི་ལྕོགས་ཙེ་དེ་ཡང་གཞི་གང་ཞིག་ལ་བརྟེན་ནས་ཆེན་པོ་ཡིན་པས་ཆེན་པོ་ཡིན་པར་སྒྲུབ་ན་དེ་ནི་སྒྲུབ་ཐུབ་ཀྱི་མེད་པ་རེད། དེ་འདྲ་ཡིན་ན་ཐམས་ཅད་གལ་ཆེན་པོ་ཆགས་འགྲོ་ཡི་རེད། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་མཆོག་གིས་རྩ་བ་ཤེས་རབ་ལས།
རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །
ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་པ་དང་།
དབུ་མ་ཆོས་དབྱིངས་བསྟོད་པའི་ནང་ལ།
བརྟེན་ནས་འབྱུང་བར་གྱུར་པ་དང་། །
བརྟེན་ནས་འགག་པར་གྱུར་བས་ན། །གཅིག་ཀྱང་ཡོད་པ་མ་ཡིན་ན། །
བྱིས་པ་ཇི་ལྟར་རྟོག་པར་བྱེད། །ཅེས་གསུངས་པ་ལྟར་རེད་ཅེས་བཤད།

རྒྱུ་མཚན་བཞི་པ་ནི། དགེ་འདུན་འདུས་དེ་འདྲ་མང་པོའི་དབུས་སུ་ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་། སྤོང་བ་བསམ་གཏན་གྱི་འཁོར་ལོ་ལས་ཀྱང་། བྱ་བ་ལས་ཀྱི་འཁོར་གལ་ཆེན་པོ་ཡིན་ཞེས་བཤད་ན། དམྱལ་བར་འགྲོ་རྒྱུའི་ལས་བསགས་པ་ལས་ཚོགས་བསགས་པའི་བྱ་བ་ཞིག་ཆགས་ཀྱི་མི་འདུག གང་ཡིན་ཞེ་ན། དགེ་འདུན་དམངས་ལ་འཁོར་ལོ་གསུམ་ལས་བྱ་བ་ལས་ཀྱི་འཁོར་ལོ་གལ་ཆེན་པོ་རེད་ཅེས་རྫུན་བཤད་ནས་དབུ་སྐོར་བཏང་བ་དང་། དགེ་འདུན་དགུང་ལོ་ཆུང་བ་རྣམས་བྱ་བ་ལས་ཀྱི་འཁོར་ལོ་ལ་འཇུག་ནས། ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་། སྤོང་བ་བསམ་གཏན་གྱི་འཁོར་ལོ་མ་འཇུག་མི་དགོས་པའི་གོ་བ་ལོག་ལོན་ཉེན་ཆེ་བས། ཚོགས་བསགས་པ་ལས་ཉེས་པ་ཚབས་ཆེན་བསགས་ཉེན་འདུག་ཅེས་བཤད་ནས་འཁོར་ལོ་གསུམ་ལས་བྱ་བ་ལས་ཀྱི་འཁོར་ལོ་གལ་མི་ཆེ་ཞེས་པའི་བརྗོད་གཞི་བཏིང་བར་བྱས།

དེ་ནས་སྒྲུབ་ཕྱོགས་པ་གཉིས་པས། རྒྱ་གར་སྲིད་འཛིན་ནེ་རུ་མཆོག་གིས་ཀྱང་། ཨ་ཨཱ་རམ་ཧཱ་རཱམ་ཧཻ། ༼आराम हराम है। (ལྷོད་དལ་ནི་བཙའ་རྒྱག་བྱེད་རེད།) ཅེས་པའི་དོན་དུ་སྒྱུར་ན་རུང་བར་སྙམ།༽
ཞེས་ཐ་ན་རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བ་སོགས་ཡར་རྒྱས་འགྲོ་དགོས་ན་ཡང་། དངོས་སུ་བྱ་བ་མ་བྱས་པ་ལ་ཡོང་ཐབས་དཀའ་བ་ཡིན་པར་གསུངས་ཡོད་པ་དང་། ང་ཚོས་ཀྱང་ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་སོགས་བྱས་ནས་གང་བྱེད་ཅེ་ན། དེ་ཡང་ནམ་རྒྱུན་ནས་ང་ཚོས། (ཇོ་བོ་རྗེས་གསུངས་པའི་སྐྱབས་སེམས་ལས།) འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་གསུངས་པ་བཞིན་སངས་རྒྱས་རྒྱུ་དེ་རེད། སངས་རྒྱས་ནས་གང་བྱེད་ཅེ་ན། (ཤེར་ཕྱིན་མངོན་རྟོགས་རྒྱན་ལས།) གང་དག་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཞེས་གསུངས་པ་བཞིན་ཆོས་ཀྱི་འཁོར་ལོ་བསྐོར་རྒྱུ་དེ་རེད། ཆོས་འཁོར་བསྐོར་སྟངས་དེ་ཡང་། (མངོན་པ་མཛོད་ལས།)
གང་ཞིག་མུན་པ་ཀུན་ལ་གཏན་བཅོམ་ཞིང་། །
འཁོར་བའི་འདམ་ལས་འགྲོ་བ་གྲོལ་མཛད་པ། །
དོན་བཞིན་སྟོན་མཛོད། ཅེས་གསུངས་པ་བཞིན་མདོར་ན་ཆོས་ཀྱི་འཁོར་ལོ་བསྐོར་ནས་བྱ་བ་ལས་ཀྱི་འཁོར་ལོ་སྒྲུབ་རྒྱུ་དེ་རེད། ཡིན་ན་ཡང་ཁྱེད་རྣམ་པ་ལྟ་བུའི་དགག་ཕྱོགས་ལ་ཇི་ཙམ་བཤད་ཀྱང་གོ་རྒྱུ་དང་ཉན་རྒྱུ་མེད་པ། དེ་ཡང་བོད་ཀྱི་གཏམ་དཔེ་ལ། མི་ཉན་མི་ལ་ཁ་གཏད་ཆོག་པ་ལས། །
ཀོ་བ་སྐམ་པོ་ལག་པས་མཉེ་པ་དགའ། །
ཞེས་པ་ལྟ་བུར། ང་མཁས་དྲགས་ནས་ཁྱེད་རྣམ་པ་ཉན་འདོད་རྩ་བ་ནས་མེད་མཁན་རྣམས་ལ་ཞུ་བ་མིན་ལ། དེ་ཡང་ས་སྐྱ་ལེགས་བཤད་ལས་ཀྱང་། མཁས་པ་ཡོན་ཏན་མཛོད་འཛིན་ཀྱང་། །དེ་དག་ལེགས་བཤད་ཡོན་ཏན་བཏུས། །ཞེས་གསུངས་པ་ལྟར། ཟུར་གནས་གསན་གཟིགས་གནང་མཁན་གྱི་བློ་ལྡན་མཁས་པ་རྣམས་ཀྱིས་ལེགས་ཆ་འདི་དག་ལེན་ངེེས་རེད་ཅེས་བསམ་ནས་ཅུང་ཟད་ཞུས་པ་ཡིན།

དེ་ནས་མང་པོ་ཞུ་རྒྱུ་མིན་གང་ཞེ་ན། དེ་ཡང་བོད་ཀྱི་གཏམ་དཔེ་ལ། གཏམ་མང་ན་རྣ་གཟེར། ཞེས་པའི་དཔེ་ལྟར། རེ་ཞིག་དེ་ག་རང་མཚམས་འཇོག་རྒྱུ་ཡིན། ཞེས་བཤད།

དེའི་རྗེས་སུ་དགག་ཕྱོགས་པ་གཉིས་པ་དེས། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། བླུན་པོ་རང་གིས་རྗེས་སུ་མི་འབྲང་ཡང་། །རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ། །འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ། །སྲོག་ལ་འབབ་ཀྱང་སྲུང་བར་འཚལ། ཞེས་གསུང་བ་ལྟར་ཁྱེད་རྣམ་པས་ཇི་ཙམ་བཤད་ཀྱང་སྒྲུབ་བྱེད་མེད་པ་དང་། རྒྱུ་མཚན་མེད་པ་རྐྱང་རེད་འདུག་ཅེས་སོགས་བཤད།

དེ་ནས་ཡང་སྒྲུབ་ཕྱོགས་པ་གསུམ་པ་དེས།
རྟ་རྒྱུགས་ན་བདེ་མོའི་ཐང་ལ་རྒྱུགས། །
གཏམ་བཤད་ན་བདེན་པའི་གནས་ལུགས་བཤད། །
ཅེས་བོད་ཀྱི་གཏམ་དཔེ་ལགསུངས་པ་ལྟར་བདེན་པའི་གཏམ་བཤད་ཡོད་པ་རེད་མ་གཏོགས་མ་བདེན་པའི་གཏམ་བཤད་མེད། ཁྱེད་རྣམ་པས་སྒྲུབ་བྱེད་ལུང་རིགས་མི་འདུག་ཟེར། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་དཀའ་བ་དཔག་ཏུ་མེད་པ་སྤྱད་ནས་ཚོགས་བསགས་པ་དང་། སྒྲ་སྒྱུར་གྱི་རྒྱལ་པོ་ལྷོ་བྲག་མར་པས་ཀྱང་དཀའ་བ་སྤྱད་པ་དང། རྗེ་བཙུན་མི་ལ་རས་པས་ཀྱང་དཀའ་བ་དཔག་ཏུ་མེད་པ་སྤྱད་ནས་སྲས་མཁར་དགུ་ཐོགས་སོགས་བཞེངས་པ་རྣམས་ཀྱང་བྱ་བ་ལས་ཀྱི་འཁོར་ལོ་ལས་གཞན་དུ་མ་འགྱུར་བས། རྣམ་ཐར་འདི་དག་གིས་ཀྱང་བྱ་བ་ལས་ཀྱི་འཁོར་ལོ་འདི་གལ་ཆེན་པོ་ཡིན་པ་བསྟན་གྱི་ཡོད་པ་རེད། མ་གཞི་ཁག་མེད་ཁྱེད་རྣམ་པས་ཧ་གོ་མ་རེད་པ། དེ་ཡང་གང་ཡིན་ཞེ་ན། རྫ་དཔལ་སྤྲུལ་རིན་པོ་ཆེས། སྐྱིད་སྡུག་གཉིས་དང་མ་འཕྲད་ན། །ཨ་མའི་སྒོ་ཁར་སུ་ཡང་བཟང་། །ཞེས་གསུངས་པ་ལྟར་ཁག་མི་འདུག་ཐབ་ཚང་ནང་ལ་ཞུགས་ཡོད་མ་རེད་པ། ཞུགས་ཡོད་ན་གཏན་གཏན་ཧ་གོ་ཡི་རེད། མདོར་ན་ཁྱེད་རྣམ་པ་དཀར་པང་ཆེན་པོའི་སྟེང་ན་ནག་ཐིག་ཆུང་ཆུང་ཞིག་ལ་སྐྱོན་བརྗོད་བརྗོད་ཀྱི་འདུག་བ། ཞེས་བཤད།

དེ་ནས་དགག་ཕྱོགས་པ་གསུམ་པས། བྱ་བ་ལས་ཀྱི་འཁོར་ལོ་འདི་གལ་ཆེན་པོ་མ་ཡིན་པ་དཔེར་ན། དཔལ་མགོན་འཕགས་ཀླུ་སྒྲུབ་ཀྱི་དཔལ་ནཱ་ལེནྡྲ་རུ་དགེ་འདུན་གྱི་ཞལ་ལྟ་བའམ་གཉེར་པ་སོགས་མཛད་ཀྱང་། མཐར་སྐྱེ་བ་དང་ཚེ་རབས་ནམ་ཡང་དགེ་འདུན་གྱི་གཉེར་པ་དང་དགེ་བསྐོས་སོགས་སུ་མ་སྐྱེ་བར་ཤོག་ཅེས་སྨོན་སོགས་བརྒྱབ་ཡོད་པ་རེད། གལ་ཏེ་བྱ་ལས་ཀྱི་འཁོར་ལོ་གལ་ཆེན་པོ་ཡིན་འདི་ལྟ་བུའི་སྨོན་ལམ་བརྒྱག་དོན་མི་འདུག་བ་སོགས་བཤད།

མདོར་ན་སྐབས་འདིའི་རྩོད་གླེང་བའི་སྒྲུབ་ཕྱོགས་དང་དགག་ཕྱོགས་གཉིས་ཀའི་ཕྱོགས་ནས་རྒྱབ་ལྗོངས་ཀྱི་ལུང་། སྒྲུབ་བྱེད་ཀྱི་རིགས་པ། གསལ་བྱེད་དཔེ་སོགས་གཅིག་རྗེས་གཉིས་མཐུད་བྱས་ནས་སྒྲ་དག་གསལ་གསུམ་གྱི་སྒོ་ནས་གསུངས་པ་ཧ་ཅང་མང་ཡང་ཡི་གེས་འཇིགས་པས་དེ་ཙམ་དུ་མཐའ་གྲུབ་དགོས་པར་བྱུང་བས་རྒྱས་པར་གཟིགས་འདོད་གསན་འདོད་ཡོད་ཚེ་བཀའ་བརྒྱུད་དགུན་ཆོས་ཀྱི་ངོ་དེབ། (Kagyu Gunchoe) ཞེས་པ་དེར་གསན་གཟིགས་གནང་ཐུབ་པར་འཚལ།

ཞེས་རྡོར་གདན་བཀའ་བརྒྱུད་སྨོན་ལམ་ཐེངས་ ༣༨ པའི་ཉིན་ལྔ་པའི་དགོང་དྲོ་ཕྱག་ཚོད་ ༧ ༣༠ ནས་ ༩ ༠༠ པའི་བར་ཚོགས་པའི་རྩོད་གླེང་གི་སྐོར་རྩོད་གླེང་གི་སྐབས་སུ་བྲིས་ནས་ཕྱི་ཉིན་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༠༡ ཚེས་ ༢༣ ཉིན་མོར་པདྨ་དབང་རྒྱལ་མིང་པས་བྲིས་པ་དགེའོ།། །།
2024.01.22 Wester-Style Debate